བོད་མི་ཚོས་འུ་ཐུག་ནས་རང་ལུས་མེར་བསྲེགས་བཏང་གི་ཡོད་རེད།
བོད་མི་རྣམས་འུ་ཐུག་གིས་རང་ལུས་མེ་བསྲེགས་གཏོང་རྒྱུར་འདེམས་ཀ་བྱེད་པ་དང་རྒྱའི་སྲིད་ཇུས་འོག་འཇིགས་སྣང་ངང་གནས་བཞིན་ཡོད་པ།
-
2011-11-20 -
-
-
༄༅༎བོད་ནང་གི་བོད་མི་རྣམས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེ་བསྲེགས་གཏོང་རྒྱུར་འདེམས་ཀ་བྱེད་པ་དང༌། བོད་མི་རྣམས་མུ་མཐུད་རྒྱ་ནག་གི་སྲིད་ཇུས་འོག་འཇིགས་སྣང་ངང་གནས་བཞིན་ཡོད་པའི་སྐོར་དེ་རིང་རོའི་ཊར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བཞག
གསར་ཤོག་དེའི་ཐོག་ལ་གནས་ཚུལ་མུ་མཐུད་བཀོད་དོན་ལ། ཟླ་བ་འདིའི་ཕྱི་ཚེས་༣ ཉིན་ཁམས་རྟའུ་དགའ་ལྡན་ཆོས་གླིང་གི་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱིས་རང་ལུས་མེ་བསྲེག་བཏང་བའི་དོན་རྐྱེན་དེ་ནི། ཕྱི་ཟླ་གསུམ་པ་ནས་འགོ་བཙུགས་ཏེ་བོད་མི་ཚོས་རྒྱ་ནག་གཞུང་གིས་བོད་མིའི་ཆོས་ལུགས་རང་དབང་ཐོག་དམ་བསྒྲགས་བྱས་པར་ངོ་རྒོལ་ཆེད་རང་ལུས་མེ་བསྲེགས་བཏང་མཁན་བཅུ་གཅིག་པ་དེ་ཡིན་པ་དང༌། རྟའུ་རྫོང་གི་ཚོང་ཁང་གི་རྒྱང་འདེབས་དང་ཐལ་རྡུལ་གྱི་ཁེངས་པའི་རྒྱ་ལམ་ཟུར་དུ། བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱིས་བོད་བསྟན་སྲིད་ཀྱི་ཆེད་དུ་རང་ལུས་མེ་བསྲེགས་གིས་བློས་གཏོང་བྱས་པ་རེད་ཅེས་བྲིས་ཡོད་པ་མཐོང་རྒྱུ་ཡོད་པའི་སྐོར་གསུང་ཡོད་པ་རེད། གསར་ཤོག་ལས་ཁང་དེའི་གསར་འགོད་པས། དཔལ་ལྡན་ཆོས་མཚོ་ལགས་ཀྱི་ཕྱག་རོགས་ཁག་ཅིག་ལ་ཁོང་གི་སྐོར་སྐད་ཆ་དྲིས་པའི་སྐབས། དཔལ་ལྡན་ཆོས་མཚོ་ལགས་དགའ་ལྡན་ཆོས་གླིང་བཙུན་དགོན་དུ་སྒྲིག་ཞུགས་བྱས་ཏེ་མི་ལོ་བཅུ་ཕྲག་གཅིག་ལྷག་འགྲོ་ཡི་ཡོད་པ་དང༌། ཁོང་ནི་དུས་རྒྱུན་ཁ་ཁུ་སིམ་པོར་བསྡོད་མཁན་ཞིག་ཡིན་པ་མ་ཟད། སློབ་གཉེར་ཐོག་ལ་བློ་རིག་ཡག་པོ་དང༌། ཆ་དཔེ་བློ་འཛིན་ཧ་ཅང་ཡག་པོ་ཡོད་ལ། དམིགས་བསལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཆེན་པོ་ཞུ་མཁན་ཞིག་ཡིན་པའི་འགྲེལ་བརྗོད་བྱས་ཡོད་པ་དང༌། ཡང་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱིས་རང་ལུས་མ་བསྲེགས་མ་བཏང་བའི་ཉིན་འགའ་ཤས་ཀྱི་སྔོན་དེར་ཁོང་གི་རོགས་པ་བཙུན་མ་ཚོར་བོད་རང་དབང་ཆེད་དུ་རང་ལུས་མེ་བསྲེགས་བཏང་མཁན་བོད་མི་ཚོར་བློ་ཕམ་དང་ཡིད་སྐྱོ་སྣང་ཡོང་གི་ཡོད་པའི་སྐོར་གསུངས་ཡོད་པ་འགྲེལ་བརྗོད་བྱས་ཡོད་པ་རེད། ད་དུང་གསར་འགོད་པས། བཙུན་དགོན་དགའ་ལྡན་ཆོས་གླིང་གི་ལས་སྣེ་ཞིག་ལ་བཀའ་འདྲི་ཞུས་པའི་སྐབས། ཁོང་གིས་གསུངས་དོན། སྐབས་དེར་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱིས་ས་སྣུམ་ཀི་ལོ་ཕྱེད་ཀ་ཙམ་འཐུང་ཡོད་པ་དང༌། བཙུན་མ་ཁོང་གིས་རང་ལུས་མེ་བསྲེགས་བཏང་བའི་གནས་ཚུལ་དགོན་པར་འབྱོར་སྐབས། ང་ཚོ་ཁག་ཅིག་འཕྲལ་དུ་ས་གནས་སུ་ཕྱིན་ཏེ་མེ་སྐྱོན་ལས་སྐྱོབ་ཐབས་བྱས་ཀྱང་ཕན་ཐོག་གང་ཡང་བྱུང་མ་སོང་ཞེས་འགྲེལ་བརྗོད་བྱས་ཡོད་པ་རེད། རོའི་ཊར་གསར་འགོད་པས་གསུངས་ན། བོད་ཀྱི་དཀར་མཛེས་ཁུལ་གྱི་བོད་མིའི་གྲོང་མཚོ་ཁག་གསུམ་ནང་དུ་སྐད་ཆ་བྲིས་ཡུལ་མང་ཆེ་བས་སྐད་ཆ་ཤོད་རྒྱུར་འཇིགས་སྣང་བྱེད་ཀྱི་འདུག འོན་ཀྱང་བསྟན་པ་གྲོང་མཚོའི་བོད་པའི་བེུད་ཚོང་པ་ཞིག་གིས། ཁོང་རྣམས་ཚང་མ་དཔའ་བོ་རེད་ཅེས་ཤོད་པ་དང་མཉམ་དུ་ལག་པའི་མཐེ་བོང་གནམ་དུ་འགྲེངས་བ་དང༌། རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་སྲིད་ཇུས་ནི་ཡག་པོ་ཡོད་རབས་ཤོད་ཀྱི་ཡོད་ཀྱང༌། ཁོང་ཚོས་ཡག་པོ་བྱེད་པ་ནི་དྲག་གནོན་ཁོ་ན་ཡིན་ཞིང༌། ང་ཚོ་ནི་རང་ཉིད་ཀྱི་གཅེས་པའི་ལུས་སྲོག་བློས་གཏོང་བྱས་སྟེ། ངོ་རྒོལ་བྱེད་རྒྱུ་ལས་དེ་མིན་བྱ་ཐབས་གང་ཡང་མེད་པ་རེད་ཅེས་འགྲེལ་བརྗོད་བྱས་བྱུང་བའི་སྐོར་བཀོད་ཡོད་པ་རེད།།