བོད་ཁམས་ཁུལ་དུ་༸གོང་ས་མཆོག་གི་འཁྲུངས་སྐར་ལ་སྲུང་བརྩི།

༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་བོད་ཀྱི་ཁམས་རྟའུ་རྫོང་ཁུལ་གྱི་སེར་སྐྱ་བོད་མི་ཚོས་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་འདུག

༄༅༎ཟླ་བ་འདིའི་ཕྱི་ཚེས་༦ཉིན་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་པ་བཞིན་དེ་ཉིན་བོད་ཀྱི་ཁམས་རྟའུ་རྫོང་ཁུལ་གྱི་སེར་སྐྱ་བོད་མི་ཚོས་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་ཡོད་པ་རེད།

དེ་ཡང་བོད་ནང་རྒྱ་ནག་གཞུང་གི་དམ་བསྒྲགས་ཆེན་པོ་ཡོད་མིན་ལ་མི་ལྟོས་པར་ཕྱི་ཚེས་༦ཉིན་བོད་ཀྱི་ཁམས་རྟའུ་རྫོང་ཁོངས་ཀྱི་དར་རྒྱས་གླིང་དགོན་པའི་དགེ་འདུན་པ་བཞི་བརྒྱ་ཙམ་གྱིས་སྣེ་ཁྲིད་པའི་འོག་བོད་མི་སྟོང་ཕྲག་དགོན་པར་འདུ་འཛོམས་བྱས་ཏེ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པ་ཆེ་དགོན་པ་ནས་ལེ་དབར་གཉིས་ཀྱི་མཚམས་སུ་ཡོད་པའི་རྣམ་རྒྱལ་ཆོས་རྟེན་གྱི་འདུ་ཁང་གི་བཞུགས་ཁྲི་རིན་པ་ཆེར་གདན་ཞུ་བྱས་འཕྲལ་བོད་མི་སེར་སྐྱ་ཡོངས་ནས་མཊལ་རྟེན་གསུམ་འདེགས་འབུལ་གྱི་ཆོས་ཕྱོགས་ཀྱི་མཛད་སྒོ་ཚོགས་ཡོད་པ་རེད། དེ་རྗེས་བོད་མི་ཚོས་གཞས་དང་ཞབས་བྲོ་འཁྲབ་པ་དང་གནའ་བོའི་རྟ་རྒྱུགས་རྕེད་འགྲན་སོགས་གོ་སྒྲིག་ཀྱི་བྱེད་སྒོ་སྣ་ཚོགས་ཤིག་སྤེལ་ཏེ་དེ་ཉིན་༧གོང་ས་མཆོག་དགུང་གྲངས་༧༥ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད། དེ་ཡང་ཕ་ཡུལ་ཁམས་རྟའུ་ནས་ཡིན་པ་དང་རྒྱ་གར་དུ་བཞུགས་པ་དགེ་བཤེས་ཚེ་དབང་ཆོས་གྲགས་ལགས་སུ་བོད་ནས་གནས་ཚུལ་ཁུངས་ལྡན་ངོ་སྤྲོད་གནང་ཡོད། ཡིན་ནའང་སྐབས་དེར་བོད་མི་ཚོས་སྐུ་པར་མཐོང་འགྲོལ་རིན་པོ་ཆེ་གདན་ཞུའི་ཕེབས་ལམ་ས་གནས་སྲིད་གཞུང་གི་མདུན་དུ་འཁེལ་ཡོད་ཀྱང་བཀག་འགོག་བྱས་པ་གང་ཡང་བྱུང་མེད་པ་དང༌། དེ་ནི་གལ་ཏེ་ས་གནས་སྲིད་གཞུང་གིས་བྱེད་སྒོ་དེ་བཀག་འགོག་བྱས་པ་ཡིན་ཚེ་བོད་མི་མི་ཚོགས་ཆེན་པོ་འཛོམས་པ་དེས་གནས་སྟངས་ཛ་དྲག་ཏུ་འགྲོ་རྒྱུ་ཡིན་པ་ཉེན་ཟོན་བྱས་པ་ཞིག་ཡིན་པ་ངོས་འཛིན་བྱས་པ་དང༌། ད་དུང་དེ་ཉིན་འཁྲུངས་སྐར་གྱི་མཛད་སྒོ་དང་དགའ་སྤྲོའི་བྱེད་སྒོ་ཉིན་གང་སྤེལ་ཏེ་དམིགས་བསལ་འདྲ་པར་པར་ལེན་བྱས་ཡོད་པ་སོགས་བོད་མི་ཚོས་སྐུའི་འཁྲུངས་སྐར་གྱི་བྱེད་སྒོ་སྤེལ་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org