ཨོ་ལིམ་པིག་རྩེད་འགྲན་ཚོགས་ཡུལ་ལྟ་སྐོར་གྱི་རིན་གོང་མཐོ།

རྒྱ་གཞུང་གིས་བྱིའུ་ཚང་ཞེས་པའི་རྩེད་ཐང་བལྟ་བར་ཡོང་མཁན་ཡུལ་བསྐོར་སྤྲོ་འཆམ་པའི་ཐོག་ལག་འཁྱེར་རིན་གོང་ཧ་ཅང་གི་མཐོ་པོ་ལེན་གྱི་ཡོད་པ།

༄༅༎འདི་ལོའི་ཕྱི་ཟླ་བརྒྱད་པའི་ནང་པེ་ཅིང་དུ་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཡུལ་གྱི་ཆེད་དུ་གསར་ཏུ་འཛུགས་སྐྲུན་བྱས་པའི་བྱིའུ་ཚང་ཞེས་པའི་རྩེད་ཐང་དེར་ད་ཆ་ཡུལ་སྐོར་སྤྲོ་འཆམ་པ་ཚོར་ལྟད་མོ་བལྟ་བར་གཏོང་གི་ཡོད་ཀྱང་རྒྱ་ནག་གཞུང་གིས་ལག་འཁྱེར་སྤ་སེ་ཉོ་སླ་སོགས་རིན་གོང་ཧ་ཅང་གི་མཐོ་པོ་ལེན་གྱི་ཡོད་པར་ཡུལ་བསྐོར་སྤྲོ་འཆམ་པས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།

དེ་རིང་རྒྱ་ནག་གཞུང་འབྲེལ་ཤིན་ཧཱ་གསར་ཤོག་ཐོག་གནས་ཚུལ་སྤེལ་བའི་ནང་པེ་ཅིང་གྲོང་ཁྱེར་སྲིད་གཞུང་དང་སི་ཨའེ་ཀྲི་ཨའེ་སི་བཟོ་ཚོང་ཁང་བར་བྱིའུ་ཚང་ཞེས་པའི་རྩེད་ཐང་དེར་མི་ལོ་སུམ་བཅུ་ལྷག་གི་འགན་རྒྱ་ཡོད་པར་བརྟེན་ནས་ཡོང་འབབ་བཟོ་རྒྱུའི་ཆེད་དུ་ཡུལ་སྐོར་སྤྲོ་འཆམ་པ་བྱིའུ་ཚང་གི་རྩེད་ཐང་དེའི་ནང་འཛུལ་གླ་རྒྱ་མིའི་སྒོར་མོ་ལྔ་བཅུ་ལེན་གྱི་ཡོད་པ་དང་སྤ་སེ་རིན་འབབ་ཆག་ཡང་རགས་པ་ཧ་ཅང་གི་དཀོན་པོ་ཡིན་པའི་གནས་ཚུལ་སྤེལ་ཡོད་ཅིང་རྒྱ་ནག་རྒྱལ་ཡོངས་མི་འབོར་ཞིབ་བཤེར་ལས་ཁང་གིས་བསྡོམས་རྩིས་བཏོན་པར་གཞིགས་ན་གྲོང་ཁྱེར་པེ་ཅིང་ནང་གི་ཐེམ་དུད་རེ་རེ་ལ་ཉིན་རེའི་ཡོང་འབབ་རྒྱ་མིའི་སྒོར་མོ་དྲུག་བཅུ་ལས་མེད་པ་བཤད་ཡོད་པ་རེད། སྤ་སེའི་དངུལ་ཆག་ཡང་དང་ཕྱེད་ཀ་ལས་སྤྲོད་མི་དགོས་པ་ནི་སློབ་ཕྲུག་ལ་སྤ་སེའི་རིན་འབབ་ཕྱེད་ཀ་དང་ཕྲུ་གུ་ཆུང་ཆུང་དང་དམག་མི་རྨས་སྐྱོན་ཕོག་པའི་རིགས།དབང་པོ་སྐྱོན་ཅན་ཡིན་གང་ཞིག་ལ་མུ་མཐུད་ལས་རིགས་སྡེ་ཚན་ནང་ཞབས་ཞུ་བྱེད་མུས་ཡིན་པ་བཅས་ལ་རིན་མེད་ཡིན་ཞིང༌གང་ལྟར་ཚོང་ལས་ཁང་དེས་རིན་འབབ་མཐོ་པོ་ལེན་པའི་སྲིད་ཇུས་འགན་སྲུང་བྱ་རྒྱུའི་ཆེད་དུ་ཡོང་འབབ་དེ་རྣམས་བྱིའུ་ཚང་རྩེད་ཐང་བཟོ་བཅོས་བྱ་རྒྱུར་འགྲོ་གྲོན་གཏོང་རྒྱུ་ཡིན་པ་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་དང་མི་དམངས་ཀྱིས་སྤ་སེའི་རིན་འབབ་མཐོ་དྲག་པའི་སྐྱོན་བརྗོད་ཇི་ཙམ་བྱེད་མིན་ལ་མ་ལྟོས་པར་ཁ་སྔོན་ཕྱི་ཟླ་བཅུ་པའི་ཚེས་གཅིག་ཉིན་ནས་ཐེངས་དང་པོ་བལྟ་སྐོར་བ་ཚོར་སྒོ་མོ་ཕྱེས་པའི་ཉིན་མི་གྲངས་ཁྲི་དྲུག་བལྟ་སྐོར་དུ་སླེབས་ཡོད་པ་དང་དེ་ནས་བཟུང་ཉིན་ལྟར་བཞིན་མི་དམངས་ཁྲི་གཉིས་ནས་གསུམ་བར་ཡོང་མཁན་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org