བོད་ཀྱི་ཟློས་གར་ཚོགས་པས་ཡི་ཤུའི་བླ་ཆེན་ཊུ་ཊུ་མཆོག་ལ་གསོལ་སྟོན།
ཡི་ཤུའི་བླ་ཆེན་ཊུ་ཊུ་མཆོག་ལ་བོད་ཀྱི་ཟློས་གར་ཚོགས་པས་གསོལ་སྟོན་དང་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་པ།
-
2015-04-23 -
-
-
ཡི་ཤུའི་བླ་ཆེན་ཊུ་ཊུ་མཆོག་ལ་བོད་ཀྱི་ཟློས་གར་ཚོགས་པས་གསོལ་སྟོན་དང་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་པ།
དེ་ཡང་ཕྱི་ལོ་༢༠༡༥ ཟླ་༤ ཚེས་༢༢ཉིན་བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་ཟློས་གར་ཚོགས་པས་ལྷོ་ཨ་ཧྥེ་རི་ཀ་ནས་ཕེབས་པའི་ཡི་ཤུའི་བླ་ཆེན་སྐུ་ཞབས་ཌེ་སི་མོན་ཊུ་ཊུ་མཆོག་ལ་གསོལ་སྟོན་ཞིག་ཕུལ་བ་དང་ཕྱོགས་མཚུངས་དེ་ཉིན་བོད་ཀྱི་ཟློས་གར་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་གནང་ཡོད་པ་རེད།
སྐབས་དེར་བོད་ཀྱི་ཟློས་གར་ཚོགས་པས་ཐོག་མར་བླ་ཆེན་མཆོག་ལ་བོད་ལུགས་ལྟར་གྲོ་སོ་ཕྱེ་མར་དང་ཆང་ཕུད་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་དང་། གསོལ་སྟོན་ཐོག་བླ་ཆེན་མཆོག་དང་ཁོང་གི་སྲས་མོ་ལྕམ་མ་པུ་མཆོག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་དང་། ༧གོང་ས་མཆོག་གི་སྐུའི་གསུང་བསྒྱུར་བ་སོགས་ཀྱང་ལྷན་བཞུགས་གནང་ཡོད་པ་རེད།
ཚོགས་ཁང་ནང་བོད་ཀྱི་སྲོལ་རྒྱུན་གྱི་གཞས་སྣ་ཁག་གཅིག་དང་གངས་སེང་སོགས་འཁྲབ་སྟོན་གཟིགས་འབུལ་ཞུས་པར། བླ་ཆེན་མཆོག་གི་ནང་མི་འཁོར་དང་བཅས་པ་ཐུགས་ཧ་ཅང་དགྱེས་བོས་འཁྲབ་སྟོན་ལ་མཉམ་ཞུགས་གནང་བ་དང། གཞས་སྣ་འཁྲབ་སྟོན་ལེགས་པར་གྲུབ་པ་བསྟུན། བླ་ཆེན་མཆོག་དང་སྲིད་སྐྱོང་མཆོག གཞས་སྣ་འཁྲབ་སྟོན་པ། དེ་བཞིན་ཟློས་གར་འགན་འཛིན་བཅས་ལྷན་རྒྱས་མཉམ་སྐུ་པར་ལྷན་སྒྲོན་གནང་བ་དང་། དེ་ནས་སྐུ་མགྲོན་རྣམ་པར་ཟློས་གར་ཚོགས་པའི་གཟིམ་སྦུག་ཏུ་གསོལ་སྟོན་འབུལ་ལམ་ཞུས་ཡོད་འདུག
གསར་འགོད་པ་ཕྲེང་རིང་བསྟན་ནོར།