བོད་ཀྱི་ཟློས་གར་ཚོགས་པས་གོ་སྒྲིག་བྱས་པའི་ཕྱི་རྒྱལ་གྱི་བོད་ཕྲུག་ཚོར་ཟློས་གར་སྒྱུ་རྩལ་སྦྱོང་བརྡར་གྱི་ལས་རིམ་ནང་མཉམ་ཞུགས་བྱེད་མཁན་ལོ་སྔོན་མ་ལས་མང་བ་བྱུང་འདུག

2024.07.31
བོད་ཀྱི་ཟློས་གར་ཚོགས་པས་གོ་སྒྲིག་བྱས་པའི་ཕྱི་རྒྱལ་གྱི་བོད་ཕྲུག་ཚོར་ཟློས་གར་སྒྱུ་རྩལ་སྦྱོང་བརྡར་གྱི་ལས་རིམ་ནང་མཉམ་ཞུགས་བྱེད་མཁན་ལོ་སྔོན་མ་ལས་མང་བ་བྱུང་འདུག བོད་ཀྱི་ཟློས་གར་ཚོགས་པས་གོ་སྒྲིག་བྱས་པའི་ཕྱི་རྒྱལ་གྱི་བོད་ཕྲུག་ཚོར་ཟློས་གར་སྒྱུ་རྩལ་སྦྱོང་བརྡར་གྱི་ལས་རིམ་ནང་མཉམ་ཞུགས་བྱེད་མཁན་ཚོས་འཁྲབ་སྟོན་གནང་བཞིན་པ། ༠༧།༣༡།༢༠༢༤
བསྟན་འཛིན་དོན་ཡོད། /RFA Dhasa

བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བོད་ཀྱི་ཟློས་གར་ཚོགས་པས་ཕྱི་རྒྱལ་གྱི་བོད་ཕྲུག་ཚོར་དམིགས་ཏེ། དབྱར་དུས་བོད་ཀྱི་ཟློས་གར་སྒྱུ་རྩལ་སྦྱོང་བརྡར་གྱི་ཟབ་སྦྱོང་ཞིག་སྤྱི་ཟླ་༧པའི་ཚེས་༡ནས་༣༡བར་གནང་ཡོད་པར། ཡོ་རོབ་དང་ཨ་མི་རི་ཀ་བཅས་ནས་བོད་ཕྲུག་ལོ་གཞོན་༣༢མཉམ་ཞུགས་གནང་སྟེ། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་རྣམ་ཐར་དང་། ཞབས་བྲོ་གླུ་གཞས། སྒྲ་སྙན་དང་པི་ཝང་། རྒྱུད་མང་དང་གླིང་བུ་སོགས་ཀྱི་སྦྱོང་བརྡར་སྤྲད་པ་རྣམས་འཁྲབ་སྟོན་གཟུགས་འབུལ་གྱི་མཇུག་སྡོམ་མཛད་སྒོ་དེ། བོད་ཀྱི་ཟློས་གར་ཚོགས་ཁང་དུ་སྤྱི་ཟླ་༧པའི་ཚེས་༣༡ཉིན་གནང་བའི་སྟེང་། སྐུ་མགྲོན་གཙོ་བོར་གདན་ཞུས་གནང་བ་སྲིད་ཚབ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ཀྱིས་གཏམ་བཤད་གནང་སྐབས། ཕྱི་རྒྱལ་གྱི་བོད་ཕྲུག་ཚོར་བོད་ཀྱི་རིག་གནས་ཞབས་བྲོ་དང་། རོལ་དབྱངས་སྒྱུ་རྩལ་སོགས་སྦྱོང་བརྡར་སྤྲོད་པའི་ལས་གཞི་གསར་བ་བརྩམས་པ་དང་དེ་ལ་ཡང་ཕྱི་རྒྱལ་ནས་བོད་ཕྲུག་མང་པོ་མཉམ་ཞུགས་གནང་བར་བསྔགས་བརྗོད་གནང་བ་དང་། རྒྱལ་ཁབ་ཞིག་དང་མི་རིགས་ཤིག་ཡིན་པའི་ངོས་ནས་བོད་དང་བོད་མི་རྣམས་ལ་སུས་འཆར་གཞི་ངན་པ་ཅི་རིགས་བཏང་ནའང་། ལས་འཆར་འདི་རིགས་དང་༧རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ང་ཚོ་ནམ་ཡང་མེད་པར་བཟོ་མི་ཐུབ་པ་གསལ་བོ་བསྟན་གྱི་ཡོད་ཅེས་ལམ་སྟོན་གནང་སོང་།

2nd-Summer-camp-at-TIPA-final-day-31JULY2024-INTERVIEW-p2.jpg
བོད་ཀྱི་ཟློས་གར་ཚོགས་པས་གོ་སྒྲིག་བྱས་པའི་དབྱར་དུས་བོད་ཀྱི་ཟློས་གར་སྒྱུ་རྩལ་སྦྱོང་བརྡར་གྱི་ཟབ་སྦྱོང་འདི། ཕྱི་རྒྱལ་གྱི་བོད་ཕྲུག་ཚོར་སྤྱི་ལོ་༢༠༢༣ལོ་ནས་ཕུལ་འགོ་བཙུགས་ཏེ་༢༠༢༣ལོར་བོད་ཕྲུག་༨མ་གཏོགས་མཉམ་ཞུགས་གནང་ཐུབ་མེད་ནའང་། འདི་ལོ་ཨ་མི་རི་ཀ་དང་སུད་སི། འཇར་མན་སོགས་ནས་བོད་ཕྲུག་༣༢མཉམ་ཞུགས་གནང་ཡོད་པ་ལོ་སྔོན་མ་ལས་ལྡབ་ཁ་ཤས་མང་བ་བྱུང་འདུག
ཟབ་སྦྱོང་མཇུག་སྡོམ་གྱི་མཛད་སྒོ་དེར་དམིགས་བསལ་སྐུ་མགྲོན་དུ་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་དང་། ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས། ཕྱི་རྒྱལ་གྱི་བོད་ཕྲུག་ཚོའི་ཕ་མ་སྤུན་མཆེད་མང་དག་ཅིག་ཀྱང་ཆེད་དུ་བཅར་ཡོད་པར། བོད་ཕྲུག་ཚོས་ཟླ་ངོ་གཅིག་རིང་སྦྱངས་པའི་རྣམ་ཐར་དང་ཞབས་བྲོ་གླུ་གཞས་རྣམས་གཟིགས་འབུལ་ཞུས་ཡོད་པ་རེད།
བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ནས། ཟླ་བ་གཅིག་རིང་སློབ་ཕྲུག་ཚོར་སྦྱོང་བརྡར་སྤུས་དག་ཕུལ་བའི་མུར་བསྐྱར་སྦྱོང་སོགས་བྱས་ནས་ཟླ་བ་གཅིག་དེ་ཆུད་ཟོས་སུ་སོང་མེད་པ་མ་ཟད། ཕ་མས་འགྲོ་སོང་ཆེན་པོ་བཏང་སྟེ་ཕྲུ་གུ་ཚོས་ཀྱང་རེ་བ་བརྒྱབས་ནས་ཡོང་ཡོད་པས། གཟའ་མཇུག་རེས་མོས་བཞིན་བཞུགས་སྒར་མཐའ་འཁོར་གྱི་སློབ་གྲྭ་ཁག་དང་དགོན་སྡེ་ཁག་ཏུ་ཁྲིད་པ་དང་། ལྷག་པར་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ལས་ཁུངས་ཁག་ཏུ་ཁྲིད་ནས་སྒྲིག་འཛུགས་ཀྱི་སྒྲོམ་གཞི་སོགས་ངོ་སྤྲོད་གནང་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཟབ་སྦྱོང་དུ་མཉམ་ཞུགས་གནང་མཁན་ཨ་མི་རི་ཀའི་ནང་སྐྱེས་འཚར་བྱུང་བ་བསྟན་འཛིན་ལྷ་སྒྲོན་ལགས་ནས། མོ་རང་ཆུང་དུས་ནས་གཞས་དང་རོལ་ཆ་ལ་དགའ་མོས་ཆེན་པོ་ཡོད་པས། ལོ་སྔོན་མར་ཟློས་གར་ཚོགས་པར་ཟབ་སྦྱོང་འདི་འདྲ་ཡོད་པ་ཧ་གོ་སྟེ་ཕ་མ་ལ་རེ་སྐུལ་གྱིས་བཏང་བ་ཞིག་དང་། ཟླ་བ་གཅིག་རིང་རོལ་ཆ་སྣ་ཚོགས་བསླབ་པ་འདི་ཕར་སོང་སྟེ་བོད་ཕྲུག་ལོ་ཆུང་ཚོར་ཁྲིད་འདུན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
སུད་སི་དང་ལིཀ་ཊན་སི་ཌན་བོད་རིགས་མི་མང་གི་ཟློས་གར་དགེ་རྒན་བསྟན་འཛིན་འབྱོར་ལྡན་ལགས་ནས། སུད་སི་དང་ལིཀ་ཊན་སི་ཌན་བོད་ཕྲུག་ཚོར་འདི་ནས་སྦྱངས་པའི་གཞས་དང་ཞབས་བྲོ་ལྷ་མོ་སོགས་ཕར་བསླབ་དགོས་པ་མ་ཟད། སུད་སི་ནས་ཡོང་བ་ཚོར་ཉིན་བཅོ་ལྔའི་ཟབ་སྦྱོང་ཐོབ་པ་འདིས་ཧ་ཅང་ཕན་ཐོགས་བྱུང་བ་འགྲེལ་བརྗོད་གནང་བྱུང་།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎