མཉམ་འབྲེལ་རྒྱལ་ཚོགས་ནས་བོད་ཐོག་བཀའ་བསྡུར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ལ་བཀའ་བསྡུར་གནང་ཡོད་པ།

༄༅༎སུད་སི་གྲོང་ཁྱེར་ཇི་ནི་ལྦ་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ལ་བཀའ་བསྡུར་གནང་ཡོད་པ་རེད།

དེང་སྐབས་གྲོང་ཁྱེར་ཇི་ནི་ལྦ་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་ལྷན་ཚོགས་ཐེངས་བཅུ་པ་འགོ་བཙུགས་གནང་སྟེ་གཟའ་འཁོར་གསུམ་འགྲོ་གི་ཡོད་པ་དང་གཟའ་འཁོར་གསུམ་དེའི་རིང་ལ་རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོ་ཞིག་མཉམ་ཞུགས་གནང་སྟེ་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་མཁན་ཐོག་ལ་བློ་འཚབ་ཀྱི་གླེང་སློང་གནང་ཡོད་ཅིང་རེས་གཟའ་ཟླ་བའི་ཉིན་གུང་རྒྱབ་ཏུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ལ་གཏམ་བཤད་གནང་མཁན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ཀྱི་མཉམ་དུ་སུད་སི་གྲོང་ཁྱེར་ཇི་ནི་ལྦ་དུ་ཡོད་པའི་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ཁང་གི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་བསྟན་འཛིན་བསམ་འཕེལ་ལགས་ཀྱིས་བོད་ནང་རྒྱ་ནག་གཞུང་གིས་འབྲོག་པ་མི་དམངས་ཚོའི་ཐོུང་མ་ཡིན་པའི་འཚོ་བའི་རྟེན་གཞིར་འགྱུར་ལྡོག་ཆེན་པོ་གཏོང་བའི་སྲིད་ཇུས་སོགས་འགྲེལ་བརྗོད་གནང་བ་དང་དེ་བཞིན་བདེ་སྐྱིད་སྒྲོལ་དཀར་ལགས་ཀྱིས་ཧེལ་སིན་ཀི་འགྲོ་བ་མིའི་ཐོབ་ཐང་ཐེབས་རྩ་ཁང་གི་སྐུ་ཚབ་ཐོག་ནས་སྙན་ཐོ་ཞིག་ཕུལ་ཏེ་དེའི་ནང་དུ་བོད་ནང་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གསར་འགོད་པ་དང་ཕྱི་འབྲེལ་མི་སྣ།ཡུལ་སྐོར་སྤྲོ་ཆམ་པ།མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་གཞུང་འབྲེལ་གྱིས་ཕེབས་ཆོག་པའི་དགའ་བསུ་ཞུ་གི་མེད་པ་དེའི་ཐོག་ནས་བོད་མིའི་ཐོག་ལ་དམ་བསྒྲགས་དང་དྲག་གནོན་བྱེད་ཀྱི་ཡོད་པའི་དཔངས་རྟགས་གསལ་པོ་ཡིན་པ་ར་སྤྲོད་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org