རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བསྐྱར་ཞིབ།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བསྐྱར་ཞིབ་གནང་བ།
-
2009-02-10 -
-
-
༄༅༎རེས་གཟའ་ཟླ་བའི་ཉིན་སུད་སི་གྲོང་ཁྱེར་ཇི་ནི་ལྦ་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བསྐྱར་ཞིབ་གནང་བ་དང་རྒྱ་ནག་ཕྱོགས་ནས་འགྲོ་བ་མིའི་ཐོབ་ཐང་ཡག་པོ་ཡོད་པའི་རྣམ་པ་བཏོན་ཐབས་འབད་བརྩོན་བྱས་ཡོད་ཀྱང་ཨོ་སོ་ཀྲོ་ལི་ཡ་དང་ཁེ་ན་ཌ་སོགས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐད་བསྐྱར་ཞིབ་གནང་མཁན་རྒྱལ་ཁབ་ཚོས་རྒྱ་ནག་གཞུང་གིས་བོད་ནང་དམ་བསྒྲགས་ཀྱི་སྲིད་ཇུས་ཤུགས་ཆེ་རུ་བཏང་བའི་བྱ་སྤྱོད་ཐད་བློ་འཚབ་ཡོད་པའི་གླེང་སློང་གནང་བའི་སྐོར་དེ་རིང་བཙན་བྱོལ་བོད་གཞུང་གི་འཕྲིན་གཏོང་དྲ་རྒྱའི་གསར་འགྱུར་ཐོག་བཀོད་ཡོད་པ་རེད།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཕྱི་ལོ་༢༠༠༧ལོའི་ཕྱི་ཟླ་དྲུག་པའི་ནང་གསར་འཛུགས་གནང་བའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཐད་མཁས་དབང་ལས་གྲུབ་པའི་བསྐྱར་ཞིབ་ཚོགས་ཆུང་དེའི་དམིགས་ཡུལ་གཙོ་བོ་ནི་འཛམ་གླིང་གི་རྒྱལ་ཁབ་ཚང་མའི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གོང་འཕེལ་གཏོང་ཐབས་དང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་སུ་ཡིན་རུང་དེའི་ནང་ཡར་རྒྱས་གཏོང་ཐབས་ཀྱི་ཕྱག་ལས་གནང་གི་ཡོད་ཅིང་ད་རེས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བསྐྱར་ཞིབ་གནང་བའི་ལྷན་ཚོགས་ཐོག་ཁེ་ན་ཌའི་སྐུ་ཚབ་ཀྱིས་བཏོན་པའི་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་མི་སྲོག་ཐོག་གཏོང་རྒྱུ་ཁྱབ་ཆེ་རུ་བཏང་བའི་བྱ་སྤྱོད་དང་ལྷག་པར་དུ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་དང་ངལ་རྩོལ་བསྒྱུར་བཀོད་ར་བའི་ལས་གཞི།བདེན་རྫུན་དབྱེ་འབྱེད་བྱེད་མཁན་འཛིན་བཟུང་བྱེད་པ།བོད་དང་ཤིན་ཅང་ནང་འཛིན་བཟུང་བྱས་པའི་མི་དམངས་ཚོར་མི་ཆོས་ལས་འདས་པའི་གདུག་རྩུབ་གཏོང་བའི་བྱ་སྤྱོད་དེ་དག་རྒྱ་ནག་གི་སྐུ་ཚབ་ལ་འདྲི་བ་བཏོན་ཡོད་པ་རེད། དེ་བཞིན་ཨོ་སོ་ཀྲོ་ལི་ཡའི་སྐུ་ཚབ་ཕྱོགས་ནས་བཏོན་པའི་སྙན་ཐོའི་ནང་གཙོ་བོ་རྒྱ་ནག་གཞུང་གིས་མི་དམངས་ཐོག་བསུན་བཙིར་དང་སྡུག་སྦྱོར་མནར་གཅོད་གཏོང་བའི་བྱ་སྤྱོད།མི་གང་བྱུང་དུ་འཛིན་བཟུང་དང་དོ་དམ་བཀག་ཉར་བྱེད་པའི་བྱ་སྤྱོད།ཆོས་ལུགས་ཐོག་དམ་བསྒྲགས་དང་ཆོས་ལུགས་ཉམས་ལེན་བྱེད་མཁན་ལ་ཉེས་ཆད་གཏོང་བ།དམིགས་བསལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་མེད་པའི་གནས་ཚུལ་བྲིས་གནང་ཡོད་པ་རེད།