ཨ་རིའི་གྲོས་ཚོགས་ཀྱི་ལས་བྱེད་བོད་ནང་ཕེབས་རྒྱུ།
རྒྱ་ནག་གཞུང་གིས་ཨ་རིའི་གྲོས་ཚོགས་ཀྱི་ལས་བྱེད་ཁག་ཅིག་བོད་ནང་ཕེབས་རྒྱུར་ཐོངས་མཆན་ཕུལ་ཡོད་འདུག
-
2009-08-14 -
-
-
༄༅༎རྒྱ་ནག་གཞུང་གིས་ཨ་རིའི་གྲོས་ཚོགས་ཀྱི་ལས་བྱེད་ཁག་ཅིག་བོད་ནང་ཕེབས་རྒྱུར་ཐོངས་མཆན་ཕུལ་ཡོད་འདུག
དེ་ཡང་སྔ་ལོ་བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་མང་པོའི་ནང་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་རྗེས་རྒྱ་ནག་གཞུང་གིས་བོད་ནང་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕྱི་རྒྱལ་གྱི་དཔོན་རིགས་དང་གྲོས་ཚོགས་ཀྱི་འཐུས་མི་དང་གྲོས་ཚོགས་ཀྱི་ལས་བྱེད།གསར་འགོད་པ་སོགས་བོད་ནང་གཏོང་རྒྱུར་དམ་བསྒྲགས་བཀག་སྡོམ་བྱེད་མུས་ཡིན་པ་དང་ད་རེས་གཟའ་འཁོར་འདིའི་ནང་ཨ་རིའི་གྲོས་ཚོགས་ཀྱི་ལས་བྱེད་ཁག་ཅིག་བོད་ནང་ཕེབས་རྒྱུར་ཐོངས་མཆན་ཕུལ་བ་དེ་ནི་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་བོད་ནང་གི་ཞི་རྒོལ་ཆེན་པོ་བྱུ་ངབའི་རྗེས་ཨ་རིའི་གྲོས་ཚོགས་ཀྱི་འབྲེལ་ཡོད་ལས་བྱེད་བོད་ནང་ཕེབས་ཐུབ་པ་ཐོག་མ་དེ་ཡིན་པ་རེད།
ཨ་རིའི་གྲོས་ཚོགས་ཀྱི་འབྲེལ་ཡོད་ལས་བྱེད་ཚོ་བོད་ནང་ཕེབས་པའི་སྐབས་རྒྱ་ནག་གཞུང་གིས་ཁོང་ཚོ་རང་དབང་ཐོག་ནས་ལྟ་བསྐོར་གནང་རྒྱུར་དམ་བསྒྲགས་ཚད་འཛིན་བྱ་རྒྱུ་ཡིན་པ་ནི་དེའི་སྔོན་ཡོ་རོབ་ཡུལ་གྲུའི་དཔོན་རིགས་ཁག་ཅིག་དང་ཕྱི་རྒྱལ་གྱི་གསར་འགོད་པ་ཁག་ཅིག་བོད་ནང་ཆེད་གཏོང་བྱས་པའི་སྐབས་རྒྱ་ནག་གཞུང་གིས་འཛིན་པའི་བྱ་སྤྱོད་ནས་ཤེས་རྟོག་ཐུབ་རྒྱུ་ཡིན་ཞིང་ཨ་རིའི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཕྱི་རྒྱལ་གྱི་གཞུང་དང་འབྲེལ་ལམ་བྱེད་མཁན་གྱི་འགན་འཛིན་ཀྲོ་ཌི་སི་ཀྲའེན་ནས་གསུངས་ན་ཨ་རིའི་གྲོས་ཚོགས་ཀྱིས་བོད་ཀྱི་གནད་དོན་ཐོག་དོ་སྣང་དང་སེམས་ཚབས་ཡོད་པའི་སྐོར་དེ་སྔོན་ནས་ཕྱིར་བཏོན་གསལ་པོ་གནང་ཡོད་པ་དང་ཡིན་ནའང་ད་རེས་བོད་ནང་ཕེབས་མཁན་གྱི་གྲོས་ཚོགས་ཀྱི་ལས་བྱེད་ཚོ་བོད་ནང་ཕེབས་པའི་རིང་ཁོང་རྣམ་པར་རང་དབང་ཐོག་ནས་བོད་ནང་གི་གནས་སྟངས་གཟིགས་ཞིབ་གནང་རྒྱུར་ཚོད་འཛིན་བྱེད་མིན་གྱི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་གི་གནས་སྟངས་ཐོག་འགྲེལ་བཤད་དང་རྣམ་འགྱུར་འཛིན་ཕྱོགས་གང་འདྲ་ཞིག་ཡོང་མིན་རྒྱ་ནག་གཞུང་གི་རྣམ་འགྱུར་ལ་རག་ལས་ཡོད་པ་རེད་ཅེས་གསུངས་བཞག ཨ་རིའི་གྲོས་ཚོགས་ཀྱི་ལས་བྱེད་ཚོ་བོད་ནང་ཕེབས་པའི་རིང་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་ལས་བྱེད་དང་དེ་མིན་རྒྱ་ནག་གི་དཔོན་རིགས་ཚོ་དང་ལྷན་དུ་གྲོས་མོལ་གནང་འཆར་ཡོད་འདུག