ཀིརྟི་དགོན་པར་དམ་བསྒྲགས་བྱེད་པར་ཨ་རིས་སྐྱོན་བརྗོད།
རྒྱ་ནག་གཞུང་གིས་ཀིརྟི་དགོན་པའི་ཐོག་དམ་བསྒྲགས་བྱེད་པའི་བྱ་སྤྱོད་ལ་ཨ་རིའི་ཕྱོགས་ནས་སྐྱོན་བརྗོད་དང་ཁ་རྡུང་དྲག་པོ་བཏང་ཡོད་པ།
-
2011-04-15 -
-
-
༄༅༎རྒྱ་ནག་གཞུང་གིས་བོད་ཀྱི་མདོ་སྨད་རྔ་པ་ཀིརྟི་དགོན་པའི་ཐོག་དམ་བསྒྲགས་བྱེད་པའི་བྱ་སྤྱོད་ལ་ཨ་རིའི་ཕྱོགས་ནས་སྐྱོན་བརྗོད་དང་ཁ་རྡུང་དྲག་པོ་བཏང་ཡོད་པ་རེད།
དེ་ཡང་ཕྱི་ཟླ་བཞི་པའི་ཚེས་༡༤རེས་གཟའ་ཕུར་བུའི་ཉིན་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་སྐུ་ཞབས་མཀ་ཀྲོ་ནར་ཡིས་འཆར་ཅན་གྱི་གསར་འགོད་ལྷན་ཚོགས་ཐོག་ལ་རྒྱ་ནག་གཞུང་གིས་ཀིརྟི་དགོན་པའི་ཐོག་དམ་བསྒྲགས་བྱེད་པའི་བྱ་སྤྱོད་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་གི་གཞི་རྩའི་ལྟ་གྲུབ་དང་འགལ་འཛོིལ་བྱས་པ་ཞིག་ཡིན་པས་བྱ་སྤྱོད་དེར་བློ་འཚབ་ཆེན་པོ་ཡོད་པ་གསུང་པ་དང༌། ད་དུང་རྒྱ་ནག་གཞུང་གིས་དགོན་པའི་དགེ་འདུན་པ་ཚོ་ཕྱི་ལ་རང་དབང་གིས་འགྲོ་བསྐྱོད་མི་ཆོག་པར་དགོན་པའི་ནང་དུ་བཀག་བསྡོམས་བྱེད་པ་དེར་སྐྱོན་བརྗོད་གནང་བ་དང་སྦྲགས་ཨ་རིའི་ཕྱོགས་ནས་མུ་མཐུད་ནས་རྒྱ་ནག་གི་བྱ་ཕྱོགས་ལ་ཞིབ་ནན་གྱིས་རྟོགས་ཞིབ་དང་དོ་སྣང་བྱ་རྒྱུ་ཡིན་ལ་གནད་དོན་དེའི་སྐོར་རྒྱ་ནག་གཞུང་ལ་གླེང་སློང་བྱེད་བཞིན་ཡོད་ཅེས་གསུང་ཡོད་པ་རེད། འདི་ག་ཨ་རིར་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་གསུང་ན། རྒྱ་ནག་གཞུང་གིས་དགུང་ལོ་༡༨ ནས་༤༠ བར་གྱི་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤྲོད་དུ་ས་གནས་གཞན་དུ་ཁྲིད་རྒྱུ་ཡིན་པ་བཤད་ཀྱང་ས་གནས་བོད་མི་ཚོས་རྒྱ་ནག་གཞུང་གིས་སློབ་གསོར་ཁ་གཡར་ཏེ་དོན་དངོས་ཐོག་དགེ་འདུན་པ་རྣམས་བཙན་དབང་གིས་ཁྲིད་དེ་བཙོན་ཁང་དུ་བཅུག་རྒྱུ་ཡིན་པའི་གནས་ཚུལ་གོ་ཐོས་བྱུང་བར་བརྟེན། ཟླ་བ་འདིའི་ཕྱི་ཚེས་༡༢ རེས་གཟའ་མིག་དམར་གྱི་ཉིན་དགུང་ཚོུད་༡༢ཙམ་ལ་རྒྱ་མིའི་དམག་དཔུང་འཕོན་ཆེ་ཀིརྟི་དགོན་པར་ཐོན་བསྐྱོད་བྱས་པའི་གནས་ཚུལ་ཐོས་མ་ཐག་ས་གནས་བོད་མི་རྣམས་ཀྱིས་གཅེས་པའི་རང་སྲོག་ལ་མ་འཛེམས་པར་དམག་མིའི་འགྲོ་ལམ་གྱི་མདུན་བཀག་ཏེ་འཐབ་འཛིང་བྱས་པར་བརྟེན། དམག་མིས་བོད་མི་ཚོར་བཅར་རྡུང་བཏང་བ་མ་ཟད། ཁོང་ཚོིའི་དཀྱིལ་དུ་སྦྱོང་བརྡར་ཡོད་པའི་ཁྱི་བློས་ཏེ་བོད་མི་མང་པོར་ཁྱིས་རྨུག་ཏེ་རྨས་སྐྱོན་བྱུང་ཡོད་ཀྱང༌། ད་དུང་ཁོང་ཚོས་ཕྱི་བཤོལ་རྩ་བ་ནས་མ་བྱས་པར་མུ་མཐུད་ནས་དམག་མི་མདུན་བཀག་པར་བརྟེན་དམག་མི་གཅིག་ཀྱང་དགོན་པའི་ནང་དུ་འགྲོ་ཐུབ་མེད་པའི་གནས་ཚུལ་བྱུང་ཡོད་ལུགས་གསུང་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་དམག་དཔུང་ས་གནས་སྨན་ཁང་གི་མཐའ་འཁོར་དུ་འགྲེམས་འཇོག་བྱས་ཏེ་བོད་མི་ཚོའི་ཐོག་ལ་མུ་མཐུད་དྲག་གནོན་བྱ་ཐབས་འཛིན་བཞིན་ཡོད་པའི་གནས་ཚུལ་ཐོན་བཞིན་ཡོད་པ་རེད།