ཨ་རིའི་མཐོ་རིམ་སྐུ་ཚབ་ཅིག་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་སྐོར།

ཨ་མི་རི་ཀའི་མཐོ་རིམ་སྐུ་ཚབ་ཅིག་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་ཏེ་རྒྱ་ནག་གི་དཔོན་རིགས་དང་མཇལ་འཕྲད་གནང་ཡོད་འདུག

༄༅༎ཨ་མི་རི་ཀའི་མཐོ་རིམ་སྐུ་ཚབ་ཅིག་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་ཏེ་དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་ནག་གི་དཔོན་རིགས་དང་མཇལ་འཕྲད་གནང་ཡོད་པ་དང་དེའི་དམིགས་ཡུལ་ནི་བྱང་ཀོ་རི་ཡའི་རྡུལ་ཕྲན་གོ་མཚོན་བཟོ་སྐྲུན་གྱི་ལས་གཞི་མཚམས་འཇོག་ཡོང་ཐབས་གནང་མཁན་གྱི་རྒྱལ་ཁབ་དྲུག་གི་གྲོས་མོལ་གྱི་ལས་དོན་སྐོར་ཡིན་པ་རེད།

དེ་ཡང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཅིཡང་ཡུས་བཤད་དོན་ལ་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སྐུ་ཞབས་ཇེམ་སི་སི་ཀྲའེན་སྦག་དང་བྱང་ཀོ་རི་ཡའི་རྡུལ་ཕྲན་གོ་མཚོན་གྱི་ལས་གཞི་མཚམས་འཇོག་ཡོང་ཐབས་གནང་མཁན་གྱི་གྲོས་མོལ་གནང་མཁན་རྒྱལ་ཁབ་དྲུག་ནང་དུ་ཞུགས་མཁན་རྒྱ་ནག་ཕྱོགས་ཀྱི་སྐུ་ཚབ་དཔོན་རིགས་ལྦུ་རྡ་ལྦེ་དང་དེ་རིང་སྔ་དྲོ་མཇལ་འཕྲད་གནང་ཡོད་པ་དང་ད་དུང་དེ་རིང་ཕྱི་དྲོ་རྒྱ་ནག་ཕྱི་སྲིད་བློན་ཆེན་དབྱང་ཅི་ཁྲི་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་བཤད་ཡོད་པ་ལས་དེ་རིང་སྔ་དྲོ་ལྦུ་རྡ་ལྦེ་དང་མཇལ་འཕྲད་གནང་བའི་ནང་དོན་ཞིབ་ཕྲ་གསལ་བཤད་བྱས་མེད་པ་རེད། རྒྱ་ནག་ནང་དུ་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་ལས་ཁང་གི་མགྲིན་ཚབ་པ་ཞིག་གིས་གསུངས་ན་སྐུ་ཞབས་ཇེམ་སི་དེ་རིང་ཕྱི་དྲོ་ཨ་མི་རི་ཀར་ཕྱིར་ལོག་ཕེབས་ཀྱི་ཡོད་པ་གསུངས་པ་ལས་ཞིབ་ཕྲའི་དབུ་ཁྲིད་ཚོའི་བར་ཏུ་གྲོས་མོལ་བྱུང་བའི་ནང་དོན་སྐོར་འགྲེལ་བརྗོད་གནང་མེད་པ་རེད། ད་རེས་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་གཞོན་པ་སྐུ་ཞབས་ཇེམ་སི་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་པ་དེ་ནི་བར་ལམ་བྱང་ཀོ་རི་ཡའི་རྡུལ་ཕྲན་གོ་མཚོན་བཟོ་སྐྲུན་གྱི་ལས་གཞི་མཚམས་འཇོག་ཡོང་ཐབས་གནང་མཁན་གྱི་རྒྱལ་ཁབ་ཨ་མི་རི་ཀ་དང་རྒྱ་ནག་ལྷོ་བྱང་ཀོ་རི་ཡ་ ཉི་ཧོང་ ར་ཤི་ཡ་བཅས་དྲུག་གི་སྐུ་ཚབ་བར་གྱི་གྲོས་མོལ་དེ་ནི་ཁ་སྔོན་ཕྱི་ཟླ་བཞི་པའི་ནང་བྱང་ཀོ་རི་ཡའི་ཕྱོགས་ནས་ཕྱིར་འཐེན་བྱས་ཏེ་བར་མཚམས་བཅད་པའི་རྗེས་ཉེ་བའི་ཆར་བྱང་ཀོ་རི་ཡའི་ཕྱོགས་ནས་རྒྱལ་ཁབ་དྲུག་གི་གྲོས་མོལ་གྱི་ལས་དོན་དེ་བསྐྱར་གསོ་བྱ་རྒྱུའི་འདོད་པ་ཡོད་པའི་རྣམ་འགྱུར་རིམ་བཏོན་པའི་རྗེས་སུ་བྱུང་བ་ཞིག་ཡིན་པ་དང་ལྷག་པར་དུ་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་སྲིད་བློན་ལྦེན་ཅ་བའོ་གཟའ་འཁོར་རྗེས་མར་བྱང་ཀོ་རི་ཡར་འཚམས་འདྲིར་བསྐྱོད་རྒྱུའི་གནས་ཚུལ་ངེས་གཏན་བྱུང་བའི་སྐབས་སླར་ཡང་བྱང་ཀོ་རི་ཡའི་ཕྱོགས་ནས་རྒྱལ་ཁབ་དྲུག་གི་གྲོས་མོལ་བསྐྱར་གསོ་བྱ་རྒྱུའི་འདུན་པ་ཡོད་པའི་རྣམ་པ་ཤུགས་ཆེན་པོ་བཏོན་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org