རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་དགོས།
ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་གཞུང་ལ་བོད་ཐོག་ད་བར་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་གནང་དགོས་པའི་འབོད་བསྐུལ་ཞུས་གནང་འདུག
-
2009-03-11 -
-
-
༄༅༎ཨ་མི་རི་ཀའི་གཞུང་གིས་བོད་མིའི་རང་དབང་སྒེར་ལངས་བྱས་ནས་ལོ་ལྔ་བཅུ་འཁོར་བའི་ཉིན་རྒྱ་ནག་གཞུང་ལ་བོད་ཐོག་ད་བར་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དོན་དམ་གྱི་འབྲེལ་མོལ་གནང་དགོས་པའི་འབོད་བསྐུལ་ཞུས་གནང་འདུག
ཕྱི་ཟླ་གསུམ་པའི་ཚེས་བཅུ་རེས་གཟའ་མིག་དམར་ཉིན་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དབྱང་ཅེ་ཁྲི་དང་ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གི་མཇལ་འཕྲད་ཐོག་མ་འདི་ཚེས་བཅུ་གཅིག་ཉིན་མ་གནང་གོང་རྒྱ་ནག་གིས་ད་བར་བོད་ཐོག་འཛིན་པའི་སྲིད་བྱུས་བསྐྱར་ཞིབ་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་གྲོས་མོལ་གནང་དགོས་ལུགས་གསལ་བསྒྲགས་གནང་འདུག གསལ་བསྒྲགས་ནང་ཨ་རིའི་གཞུང་གིས་ཡངས་ཞིང་རྒྱ་ཆེ་བའི་ཧི་མ་ལ་ཡའི་ཡུལ་ལྗོངས་དེ་རྒྱ་ནག་གི་ཆ་ཤས་ཡིན་པའི་བསྐྱར་བརྗོད་གནང་བ་དང་ཆབས་ཅིག་བོད་ས་ཡོངས་རྫོགས་པར་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་བློ་འཚབ་ཆེན་པོ་གནང་གི་ཡོད་ལུགས་འཁོད་ཡོད་པ་དང་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་འཚོ་རྟེན་བཅས་ལ་གནོད་པའི་སྲིད་བྱུས་ལག་བསྟར་བྱས་པ་དེ་ད་ཆ་ངེས་པར་དུ་བསྐྱར་ཞིབ་དགོས་པའི་སྐུལ་དེད་གནང་འདུག ཨ་རིའི་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་བོད་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་ལེན་གནང་གི་ཡོད་པ་གསལ་སྟོན་གྱིས་རྒྱ་ནག་གཞུང་གིས་༸གོང་ས་མཆོག་གིས་རང་བཙན་རྩོད་ཀྱི་མེད་པ་ངོས་ལེན་གྱིས་མིང་དོན་མཚུངས་པའི་གྲོས་མོལ་མཇུག་སྐྱོངས་ཀྱིས་བོད་ཀྱི་དཀའ་རྙོག་སེལ་ཐབས་གནང་དགོས་ལུགས་གོང་ཞུས་གསལ་བསྒྲགས་ནང་འཁོད་ཡོད་འདུག བོད་མིའི་རང་དབང་སྒེར་ལངས་ལྔ་བཅུ་པ་སྲུང་བརྩིའི་གསུང་བཤད་ནང་༸གོང་ས་མཆོག་གིས་རྒྱ་ནག་གི་དྲག་གནོན་འོག་བོད་དེ་དམྱལ་བ་ལྟ་བུར་བསྒྱུར་ཡོད་ལུགས་སྐྱོན་བརྗོད་གནང་བ་དང་སྦྲགས་ད་ཆ་བོད་ནང་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་སྤྲོད་དགོས་ལུགས་སྐུལ་དེད་གནང་འདུག དེའི་དབར་ལ་ཨ་རིའི་གྲོས་ཚོགས་ཀྱིས་རྒྱ་ནག་གིས་བོད་ནང་གདུག་རྩུབ་དྲག་གནོན་མཚམས་འཇོག་དགོས་པའི་གྲོས་འཆར་ཞིག་ཀྱང་སྟོན་གྱི་ཡོད་འདུག།