ཨ་མི་རི་ཀས་རྒྱ་ནག་དང་དམག་འཐབ་བྱ་རྒྱུའི་ཉེན་ཁ་ཆེ་རུ་ཕྱིན་ཡོད་འདུག
འདས་པའི་ལོ་ངོ་དྲུག་གི་ཞིབ་འཇུག་ལས་ད་སྐབས་ཨ་མི་རི་ཀས་རྒྱ་ནག་དང་དམག་འཐབ་བྱ་རྒྱུའི་ཉེན་ཁ་ཆེ་རུ་ཕྱིན་པའི་སྙན་ཐོ་བཏོན་འདུག
-
2017-10-05 -
-
-
Your browser doesn’t support HTML5 audio
འདས་པའི་ལོ་ངོ་དྲུག་གི་ཞིབ་འཇུག་ལས་ད་སྐབས་ཨ་མི་རི་ཀས་རྒྱ་ནག་དང་དམག་འཐབ་བྱ་རྒྱུའི་ཉེན་ཁ་ཆེ་རུ་ཕྱིན་པའི་སྙན་ཐོ་བཏོན་འདུག
དེ་ཡང་(RAND)་ཞིབ་འཇུག་ལས་ཁང་གིས་སྙན་ཐོ་བཏོན་པའི་ནང་། འདས་པའི་ལོ་དྲུག་རིང་རྒྱ་ནག་ནང་གི་དམག་དོན་བཅོས་བསྒྱུར་དང་ལས་འཆར་གོང་འཕེལ་བཏང་བ་ཁག་ལ་ཞིབ་འཇུག་གིས། མིག་སྔར་རྒྱལ་ཁབ་གཉིས་དབར་ཡོད་བཞིན་པའི་གནད་དོན་མང་པོ་ཞིག་གི་ཐོག་ནས་རྒྱ་ནག་དེ་བཞིན་ཨ་མི་རི་ཀའི་དགྲ་ཁ་གཏད་ལྟེ་བ་ཆགས་སྲིད་པའི་ཉེན་ཁ་གསལ་བཏོན་བྱས་འདུག
གོང་ཞུས་སྙན་ཐོ་དེས། གནད་དོན་གང་ཞིག་གི་ཐོག་ནས་རྒྱ་ནག་དང་ཨ་མི་རི་ཀ་གཉིས་བར་འཁོན་འཁྲུག་ལངས་སྲིད་རྒྱུའི་ངེས་བརྟན་འཕེར་བ་བརྗོད་མེད་ན་ཡང་། ལོ་དྲུག་གི་གོང་དང་ད་ལྟའི་དུས་ཚོད་གཉིས་བསྡུར་བ་ཡིན་ན། རྒྱ་ནག་དང་ཨ་རིའི་དབར་དམག་འཐབ་བྱ་རྒྱུའི་ཉེན་ཁ་ཆེ་རུ་ཕྱིན་ཡོད་པ་འགྲེལ་བརྗོད་བྱས་ཡོད་པ་རེད།
རྒྱལ་ཁབ་གཉིས་དབར་འཁོན་རྩོད་ཡོང་གཞིའི་རྒྱུ་རྐྱེན་ཁག་ཅིག་སྙན་ཐོ་དེའི་ནང་ཟུར་བཏོན་བྱས་པར་གཞིགས་ན། ཐེ་ཝན་མཚོ་འགག་ཁུལ་རྒྱ་ནག་གི་དམག་དོན་བྱ་འགུལ་མང་དུ་ཕྱིན་པ་དེས་ཨེ་ཤེ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ། ཨ་མི་རི་ཀ་དང་རྒྱ་ནག་དབར་མ་མཐུན་པའི་གནས་ཚུལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ། དེ་བཞིན་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་རྒྱ་ནག་གིས་བདག་དབང་ཧམ་འཛུལ་བྱེད་བཞིན་པ་དེར་ཨ་རིས་སྐྱོན་བརྗོད་གནང་གི་ཡོད་པ་སོགས་ཕྱོགས་གཉིས་དབར་འགལ་ཟླ་ཡོང་གཞིའི་གནས་ཚུལ་ཁག་ཅིག་ཡོད་པ་དང་། ལྷག་པར་དུ་བྱང་ཀོ་རི་ཡའི་རྡུལ་ཕྲན་ལས་འཆར་དང་འབྲེལ་བའི་དཀའ་རྙོག་གིས་ཨ་མི་རི་ཀ་དང་རྒྱ་ནག་གཉིས་དབར་གྱི་ཞི་བདེའི་བྱ་རིམ་ལ་ཉེན་ཁ་ཆེན་པོ་བཟོ་གི་ཡོད་ལུགས་(RAND)་ཞིབ་འཇུག་ལས་ཁང་གི་སྙན་ཐོ་དེའི་ནང་འགྲེལ་བརྗོད་གནང་འདུག
ཨ་མི་རི་ཀའི་དམག་དོན་ཆེད་ཞིབ་འཇུག་དང་གནད་དོན་ཁག་ལ་དབྱེ་ཞིབ་གནང་མཁན་ཀེ་ལི་ཕོར་ནི་ཡའི་ནང་རྟེན་གཞི་བྱེད་པའི་(RAND)་ཞིབ་འཇུག་ལས་ཁང་གིས་ཉིན་ཤས་གོང་རེས་གཟའ་མིག་དམར་ཉིན། ཁ་བྱང་དུ་རྒྱ་ནག་དང་འཐབ་འཁྲུག་ལ་བསྐྱར་ལྟ་བྱས་པ་ཞེས་པའི་སྙན་ཐོ་ཤོག་གྲངས་༡༦་བྱས་པ་ཞིག་འགྲེམས་སྤེལ་གནང་བ་དེ་ནི། འཛམ་གླིང་ནང་གི་དཔལ་འབྱོར་སྟོབས་ཤུགས་ཨང་དང་པོ་དང་གཉིས་པར་སླེབས་པའི་ཨ་མི་རི་ཀ་དང་རྒྱ་ནག་གཉིས་དབར་དམག་འཁྲུག་ལངས་སྲིད་མིན་སྐོར་གྱི་སྙན་ཐོ་ཞིག་དེ་སྔོན་༢༠༡༡་ལོར་འགྲེམས་སྤེལ་གནང་ཡོད་པ་དེའི་མཇུག་སྣོན་ཆེད་ཡིན་པ་རེད།
གསར་འགོད་པ་རིག་ལྡན་སྒྲོལ་མ།