རྒྱ་ནག་གི་སྲིད་འཛིན་བལ་ཡུལ་ནང་ཕེབས་རྒྱུ་ཕྱིར་འཐེན་གནང་བ།
རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་བལ་ཡུལ་ནང་རྒྱལ་དོན་འཚམས་གཟིགས་ལ་ཕེབས་རྒྱུ་ཕྱིར་འཐེན་གནང་ཡོད་འདུག
-
2016-09-08 -
-
-
Your browser doesn’t support HTML5 audio
སྔོན་འཆར་ལྟར་ན་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་Xi Jinping་མི་རིང་བའི་ཕྱི་ཟླ་ ༡༠་པའི་ནང་བལ་ཡུལ་དུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་རྒྱུ་བྱས་ཡོད་ཀྱང༌། ད་ཆ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་སེར་ཁ་ཞིག་ཤོར་ཡོད་པའི་རྟགས་མཚན་དུ་Xi Jinping གྱི་རྒྱལ་དོན་འཚམས་གཟིགས་ཕྱིར་འཐེན་བྱས་ཡོད་འདུག
དེ་ཡང་ཁ་ས་རྒྱ་གར་གྱི་The Indian Express་ཉིན་རེའི་གསར་ཤོག་ཐོག་གནས་ཚུལ་ཞིག་སྤེལ་བའི་ནང༌། འདི་ཚེས་༥་ཉིན་བལ་ཡུལ་གྱི་ཕྱི་སྲིད་དྲུང་ཆེ་Shankar Bairagi་དང་ཡུལ་དེའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཆེན་མོ་Wu Chuntai་རྣམ་གཉིས་མཇལ་འཕྲད་གནང་བའི་སྐབས། རྒྱ་ནག་གི་སྲིད་འཛིན་བལ་ཡུལ་ནང་ཕེབས་ཐུབ་ཀྱི་མེད་པའི་སྐོར་གྱི་ལན་བརྡ་སྤྲད་ཡོད་པ་དང༌། སྲིད་འཛིན་Xi Jinping་གྱི་རྒྱལ་དོན་འཚམས་གཟིགས་ཕྱིར་འཐེན་གནང་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ཉེ་ལམ་བལ་ཡུལ་ནང་གཞུང་བརྗེ་པོ་ཐེབས་ཏེ་ཡུལ་དེའི་སྲིད་བློན་གསར་པར་ Pushpa Kamal Dahal་བསྐོ་འདེམས་བྱུང་ཏེ། ཁོང་གིས་ཕྱིའི་རྒྱལ་ཁབ་ཏུ་འཚམས་གཟིགས་ཐོག་མ་དེ་རྒྱ་གར་ནང་གནང་རྒྱུའི་ཐག་གཅོད་གནང་བ་དེ་རྒྱ་ནག་གཞུང་གི་འདོད་པར་བབ་པོ་མ་བྱུང་མ་ཟད། འདི་ལོའི་ཕྱི་ཟླ་༣་པའི་ནང་སྐབས་དེའི་བལ་ཡུལ་གྱི་སྲིད་བློན་KP Oli་ཡིས་རྒྱ་ནག་མཉམ་གྲོས་མཐུན་ཁག་ཅིག་བཞག་ཡོད་པ་དེ་དག་བལ་ཡུལ་གཞུང་གིས་ད་བར་ལག་བསྟར་བྱས་མེད་པ་དེ་ཡང་རྒྱ་ནག་གི་འདོད་པར་བབ་པོ་མ་བྱུང་པའི་འགྲེལ་བརྗོད་བྱས་འདུག
གནས་ཚུལ་ནང་གསལ་བར་བྱས་ན། བལ་ཡུལ་གྱི་སྲིད་བློན་Prachanda་འམ་ Pushpa Kamal Dahal་ཡིས་ཟླ་བ་འདིའི་ཚེས་༡༥་ནས་འགོ་འཛུགས་ཀྱིས་ཉིན་གྲངས་གསུམ་རིང་རྒྱ་གར་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་གཏན་འཁེལ་ཡོད་པ་རེད།
གསར་འགོད་པ་ངག་དབང་ཆོས་འཕེལ།