༸གོང་ས་མཆོག་ལ་ཕྱག་ཁྱེར་འབུལ་འཆར་ཕྱིར་འཐེན་བྱས་པ།
༸གོང་ས་མཆོག་ལ་ཨོ་སོ་ཀྲོ་ལི་ཡའི་མཐོ་སློབ་གཅིག་གིས་ཆེས་མཐོའི་ཕྱག་ཁྱེར་འབུལ་ལམ་ཞུ་འཆར་དེ་ཕྱིར་འཐེན་ཞུས་དགོས་དོན་སྐོར།
-
2009-08-11 -
-
-
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨོ་སོ་ཀྲོ་ལི་ཡའི་མཐོ་སློབ་ཅིག་གིས་ཆེས་མཐོའི་ཕྱག་ཁྱེར་འབུལ་ལམ་ཞུ་འཆར་ཡོད་རུང་ད་ཆ་ཕྱིར་འཐེན་ཞུས་པའི་གནས་ཚུལ་ཐོན་བཞིན་པ་དེ་དངོས་ཡིན་ཚེ་དེ་རྒྱ་མིའི་གནོན་ཤུགས་ཀྱིས་རྐྱེན་པས་ཡིན་མིན་གྲོས་ཚོགས་འཐུས་མི་སྦོབ་སྦ་རའོན་མཆོག་གིས་འདྲི་རྩད་གནང་འདུག
ཨོ་སི་ཀྲོ་ལི་ཡའི་རླུང་འཕྲིན་ལས་ཁང་ཨེ་སྦི་སི་ཡིས་ཁ་ས་གནས་ཚུལ་སྤེལ་དོན་ལྟར་ན་ཕྱི་ལོ་ཉིས་སྟོང་བདུན་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨོ་སི་ཀྲོ་ལི་ཡའི་ནང་ཆིབས་བསྒྱུར་མཛད་འཕྲིན་བསྐྱངས་སྐབས་ཊེ་སི་མེ་ནི་ཡ་ཞེས་པའི་མཐོ་སློབ་དེའི་སྤྱི་ཁྱབ་སྐུ་གཞོན་གྱིས་༸གོང་ས་མཆོག་མཇལ་བཅར་ཞུས་པ་མ་ཟད་འདི་ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་༸གོང་ས་མཆགོ་ཁུལ་དེར་ཆིབས་བསྒྱུར་གནང་སྐབས་ཆེས་མཐོའི་ཕྱག་ཁྱེར་འབུལ་ལམ་ཞུ་འཆར་ཡོད་ན་ཡང་ད་ཆ་ཕྱིར་འཐེན་ཞུས་ཡོད་པ་རེད།
མཐོ་སློབ་དེར་རྒྱ་མིའི་སློབ་ཕྲུག་ནས་ལོ་ལྟར་ཨ་སྒོར་ས་ཡ་སུམ་བཅུ་ཙམ་བསྡུ་རུབ་ཐུབ་ཀྱི་ཡོད་པ་དང་ཡུལ་དེའི་རྒྱལ་ཡོངས་གྲོས་ཚོགས་གོང་མའི་འཐུས་མི་དང་ལྗང་ཁུ་ཚོགས་པའི་དབུ་འཁྲིད་སྐུ་ཞབས་སྦོབ་སྦ་རའོན་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དོན་ཆེད་འཐབ་རྩོད་གནང་བཞིན་པ་དེ་ལ་བརྟེན་ནས་ཊེ་སི་མེ་ནི་ཡ་མཐོ་སློབ་ཀྱིས་གོང་ཞུས་ཐག་གཅོད་ཐོག་ཤུགས་རྐྱེན་ཐེབས་ཡོད་མེད་འདྲི་བ་བཀོད་གནང་ཡོད་ཅིང་༸གོང་ས་མཆོག་ལ་ཆེས་མཐོའི་ཕྱག་ཁྱེར་འབུལ་འཆར་དེ་གལ་ཏེ་ཕྱིར་འཐེན་ཞུས་ཡོད་ཚེ་དེའི་རྒྱུ་མཚན་ཇི་ཡིན་བཤད་དགོས་པ་དང་མཐོ་སློབ་དེར་སུ་ཡིས་གནོན་ཤུགས་སྤྲད་ཡོད་མེད་མཐོ་སློབ་དེར་རྒྱ་ནག་ནས་བརྡ་ལན་ནམ་ཡང་ན་རྒྱ་མིའི་འཐུས་མི་འབྱོར་ཡོད་མེད།གལ་ཏེ་དེ་རིགས་འབྱོར་ཡོད་ཚེ་གྲོས་བསྡུར་ག་རེ་བྱས་ཡོད་དམ་ཡང་ན་དེ་བཤད་སྟངས་མི་འདྲ་བ་ཞིག་གིས་ཐོག་ནས་བཤད་ན་དེའི་ནང་ནག་ཚོང་ཐེ་བྱུས་ཡོད་དམ་ཞེས་པའི་འདྲི་བ་ཁག་བཀོད་གནང་སྟེ་དེ་ཚོའི་སྐོར་ང་ཚོས་ཤེས་རྒྱུའི་ཐོབ་ཐང་ཡོད་པའི་སྐོར་ཡང་གསུངས་འདུག ཊེ་སི་མེ་ནི་ཡ་མཐོ་སློབ་ཀྱིས་རྒྱ་མིའི་དཔོན་རིགས་དང་མཇལ་འཕྲད་སྐབས་སུ་གོང་ཞུས་གནད་དོན་སྐོར་གླེང་སློང་བྱུང་ཡང་དེའི་གོང་ནས་༸གོང་ས་མཆོག་ལ་ཆེས་མཐོའི་ཕྱག་ཁྱེར་འབུལ་ལམ་ཞུ་རྒྱུ་ཕྱིར་འཐེན་ཞུས་ཟིན་སྐོར་བརྗོད་ཡོད་པའི་གནས་ཚུལ་འདུག།