རྒྱ་གར་དང་རྒྱ་ནག་གཉིས་བར་གྲོས་མོལ་བསྐྱར་གསོ།

རྒྱ་གར་དང་རྒྱ་ནག་གཉིས་དབར་ས་མཚམས་ཀྱི་རྩོད་རྙོག་སྐོར་གྲོས་མོལ་བསྐྱར་གསོ་གནང་ཡོད་པ་རེད།

༄༅༎རྒྱ་གར་དང་རྒྱ་ནག་གཉིས་དབར་ས་མཚམས་ཀྱི་རྩོད་རྙོག་སྐོར་གྲོས་མོལ་བསྐྱར་གསོ་གནང་ཡོད་པ་རེད།

དེ་ཡང་འདས་པའི་ལོ་ངོ་བཅུ་ཕྲག་ནས་བཟུང་རྒྱ་དཀར་ནག་གཉིས་དབར་རྩོད་རྙོག་ཅན་གྱི་ས་མཚམས་ཀྱི་སྐོར་གྲོས་མོལ་རིམ་པ་གནང་ཡོད་ཀྱང་ད་བར་དམིགས་བསལ་ཀྱི་དོན་འབྲས་སོན་པ་ཞིག་བྱུང་མེད་པ་རེད།

ཡིན་ནའང་འདས་པའི་ལོ་ལྔ་ཙམ་རིང་མཚམས་འཇོག་བྱས་པའི་གོང་ཞུས་ཡུལ་གྲུ་གཉིས་དབར་གྱི་ས་མཚམས་རྩོད་རྙོག་གི་གནད་དོན་ཐད་གྲོས་མོལ་གྱི་ལས་དོན་དེ་དེ་རིང་རྒྱ་གར་རྒྱལ་ཡོངས་བདེ་སྲུང་སློབ་སྟོན་པ་སྐུ་ཞབས་ཨེམ་ཀེ་ན་ར་ཡན་དང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྟོན་པ་ཏའེ་པིང་གུའོ་རྣམ་གཉིས་དབར་གྲོས་མོལ་བསྐྱར་གསོ་གནང་ཡོད་པ་རེད།

ད་རེས་གོང་ཞུས་དཔོན་རིགས་གཉིས་དབར་རྒྱ་དཀར་ནག་གཉིས་དབར་གྱི་ས་མཚམས་ཀྱི་གནད་དོན་ཐད་གྲོས་མོལ་གནང་རྒྱུའི་ཐོག་ཡུལ་གྲུ་གཉིས་དབར་ཤེས་ཡོན་གྱི་འབྲེལ་ལམ་དང་ཚོང་འབྲེལ་དེ་བཞིན་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཐོག་ཏུའང་གྲོས་མོལ་གནང་འཆར་ཡོད་པ་རེད། ཡིན་ནའང་ཡུལ་གྲུ་གཉིས་དབར་གྲོས་མོལ་བསྐྱར་གསོའི་ལས་དོན་དེ་སྤེལ་བ་ལས་དེར་གྲུབ་འབྲས་སོན་པ་ཞིག་ཡོང་རྒྱུ་མིན་པ་རྒྱ་གར་གྱི་གནས་ཚུལ་དབྱེ་ཞིབ་པས་ཚོད་དཔག་གནང་གི་ཡོད་པ་རེད། ཡུལ་གྲུ་གཉིས་དབར་ད་བར་རྩོད་རྙོག་ཆེ་ཤོས་ནི་རྒྱ་གར་གྱི་ངོས་ནས་བཤད་ན་རྒྱ་ནག་ནས་འཇའ་མུ་ཀ་ཤི་མིར་གྱི་ས་མཚམས་ནས་རྒྱ་ནག་གཞུང་གིས་ཁྲིམས་འགལ་གྱི་ཐོག་ནས་ས་སྲུང་བྱས་ཡོད་ལུགས་དང་རྒྱ་ནག་ངོས་ནས་རྒྱ་གར་གྱི་བྱང་ཕྱོགས་ཨ་རུ་ན་ཅལ་མངའ་སྡེའི་རྟ་དབང་ཁུལ་གྱི་ས་ཆའི་བདག་དབང་རྒྱ་ནག་ལ་བདག་གི་ཡོད་ཚུལ་བཤད་ནས་གང་ལྟར་ཡུལ་གྲུ་གཉིས་དབར་ད་བར་གྲོས་མོལ་གྱི་གྲུབ་འབྲས་སོན་པ་ཞིག་བྱུང་མེད་པ་བཅས་ཀྱི་གནས་ཚུལ་ཐོན་བཞག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org