བོད་ནང་གི་གནས་སྟངས་ལ་ཨ་རིས་ཐུབས་ཚབས་གནང་བཞིན་པ།

བོད་མི་བཅོ་ལྔས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྤེལ་བ་ཨ་རིའི་ཕྱི་སྲིད་ལས་ཁང་ནས་ཐུགས་ཚབས་གནང་བཞིན་པ།

༄༅༎བོད་ནང་ད་བར་བོད་མི་བཅོ་ལྔས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་གྱི་རྣམ་འགྱུར་བཏོན་པར་ཨ་རིའི་ཕྱི་སྲིད་ལས་ཁང་གིས་ཧ་ཅང་གིས་ཐུགས་ཚབས་ཡོད་པའི་སྐོར་ཕྱིར་བསྒྲགས་གནང་ཡོད་པ་དེ་རིང་གཟའ་ལྷག་པའི་ཉིན་རྒྱ་ནག་གཞུང་གིས་ཨ་རིས་བོད་ཀྱི་གནད་དོན་ཐོག་ཁ་གཡར་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱ་རྒྱུ་འཚམས་འཇོག་དགོས་ལུགས་ཉེན་བརྡ་བཏང་ཡོད་འདུག
རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ལིའུ་དབོད་མིན་གྱིས་རྒྱ་ནག་ཕྱི་སྲིད་ལས་ཁང་གི་རྒྱུན་ལྡན་གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པའི་དྲི་བར་ལན་འདེབས་བྱེད་པའི་སྐབས་བརྗོད་ན།  བོད་ནང་ དགེ་འདུན་པ་དང་མི་སྐྱ་ཁག་ཅིག་གིས་རང་ལུས་མེར་བསྲེགས་བཏང་བ་དང་། བོད་ནང་གི་བོད་མི་མང་ཆེ་བས་བོད་ནང་ཞི་བདེ་བརྟན་ལྷིང་གི་རྣམ་པ་ཞིག་སྐྲུན་རྒྱུའི་འདུན་པ་དང་མཐུན་གྱི་མེད་ཅིང་། ཕྱི་རྒྱལ་ཁག་ནང་ཡོད་པའི་ཚོགས་པ་དང་། མི་ཁག་ཅིག་གིས་ཕན་ཚུན་ངན་འབྲེལ་བྱས་ནས་  དོན་རྐྱེན་དེ་རིགས་སྤེལ་རྒྱུའི་སྐུལ་སློང་བྱེད་ཀྱི་ཡོད་ལུགས་བཤད་འདུག  རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་ཆོས་དད་རང་དབང་ཚུད་པའི་གཞི་རྩའི་ཐོབ་ཐང་ལ་སྲུང་བརྩི་ཞུ་གི་ཡོད་པ་མ་ཟད།  ཁྲིམས་ལུགས་གཞིར་བཟུང་ཆོས་ལུགས་ཀྱི་ལས་དོན་ཁག་ལ་དོ་དམ་བྱས་ནས་  རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་ཁག་སྤེལ་རྒྱུར་སྲུང་སྐྱོབས་བྱེད་ཀྱི་ཡོད་ལུགས་དང་།  དེར་བརྟེན་ བོད་དང་འབྲེལ་བའི་གནས་ཚུལ་བཏོན་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་ནས་རྒྱ་ནག་གི་སྤྱི་ཚོགས་བརྟན་ལྷིང་ལ་གནོད་འཚེ་དང་།མི་རིགས་ཕན་ཚུན་མཐུན་སྒྲིལ་ལ་གནོད་པའི་ལས་དོན་རིགས་སྤེལ་རྒྱུར་ཐ་གཅིག་དུ་ནས་ངོ་རྒོལ་བྱ་རྒྱུ་ཡིན་ལུགས་བརྗོད་འདུག  གཟའ་ཟླ་བའི་ཉིན་ཨ་རིའི་ཕྱི་སྲིད་ལས་ཁང་གིས་  བོད་ནང་སླར་ཡང་བོད་མི་གསུམ་གྱི་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་མཐོན་ཡོད་པར་ཨ་རི་གཞུང་ལ་ཐུགས་ཚབས་ཆེན་པོ་ཡོད་པ་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་མ་Victoria  Nuland ཡིས་གསུང་ཡོད་ཅིང་།ཁོང་གིས་ཨ་རིའི་ཕྱོགས་ནས་དོན་རྐྱེན་དེའི་ཐད་རྒྱ་ནག་གི་དཔོན་རིགས་ལྷན་དུ་ངེས་པར་དུ་གླེང་མོལ་གནང་གི་ཡིན་ཞེས་ཡང་གསུངས་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org