རྒྱ་ནག་སྲིད་བློན་གྱིས་བོད་གནས་སྐོར་ལ་གཏམ་བཤད།
བོད་ནང་བོད་མི་ཚོས་རང་ལུས་མེར་བསྲེགས་གཏོང་བཞིན་པ་དེ་དག་ནི་མཐར་ལྷུངས་ཀྱི་བྱ་སྤྱོད་དང༌མང་ཚོགས་ཀྱི་རྒྱབ་སྐྱོར་མེད་སྐོར་བཤད་འདུག
-
2012-02-14 -
-
-
༄༅༎རྒྱ་ནག་གི་སྲིད་བློན་ལྦེན་ཇིཡ་བའོས་ བོད་ནང་བོད་མི་ཚོས་རང་ལུས་མེར་བསྲེགས་གཏོང་བཞིན་པ་དེ་དག་ནི་མཐར་ལྷུངས་ཀྱི་བྱ་སྤྱོད་ཡིན་པ་དང༌། དེར་མང་ཚོགས་ཀྱི་རྒྱབ་སྐྱོར་མེད་སྐོར་གཟའ་མིག་དམར་ཉིན་བརྗོད་འདུག་ཅིང༌། འདི་ནི་བོད་ནང་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པའི་གནད་དོན་སྐོར་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཤིག་གིས་གཏམ་བཤད་བྱས་པ་ཐོག་མ་དེ་ཡིན་པ་རེད།
རྒྱ་ནག་གི་སྲིད་བློན་ལྦེན་ཇིཡ་བའོ་དང་ ཡོ་རོབ་ཡུལ་གྲུ་ཁག་གི་ཆེས་མཐོའི་དཔོན་རིགས་ཚོ་དང་མཇལ་འཕྲད་གྲོས་མོལ་གྲུབ་པའི་རྗེས་གསར་འགོད་ལྷན་ཚོགས་ཤིག་གི་སྐབས་གསར་འགོད་པས་བོད་ནང་གི་ད་ལྟའི་གནད་དོན་སྐོར་གྱི་དྲི་བར་ལན་འདེབས་བྱེད་པའི་སྐབས་ རྒྱ་ནག་གི་སྲིད་བློན་གྱིས་ བོད་ནང་བརྟན་ལྷིངས་མེད་པ་བཟོ་རྒྱུར་དམིགས་ཏེ་དགེ་འདུན་པ་ཉུང་ཤས་ཤིག་ལ་མཐར་ལྷུངས་ཀྱི་བྱ་སྤྱོད་སྤེལ་རྒྱུར་བརྒྱུད་བསྐུལ་བྱེད་བཞིན་པ་དེ་ནི་ བོད་ནང་གི་འཛུགས་བསྐྲུན་ཡར་རྒྱས་ཀྱི་གནས་བབས་དང་ བོད་མིའི་ཁེ་ཕན་ལ་ཕན་ཐོགས་གང་ཡང་མེད་པ་ཞིག་ཡིན་པར་མ་ཟད། བྱ་སྤྱོད་དེ་རིགས་ལ་མང་ཚོགས་ཀྱི་རྒྱབ་སྐྱོར་ཡང་མེད་པ་རེད་ཅེས་བརྗོད་འདུག།
ད་དུང་རྒྱ་ནག་གི་སྲིད་བློན་ཝེན་ཇིཡ་བའོའི་ལན་འདེབས་དེའི་ནང་མུ་འཐུད་ ང་ཚོས་བོད་ཀྱི་ཁོར་ཡུག་གི་གནས་བབས་དང༌། བོད་མིའི་རིག་གཞུང་ལ་བརྩི་སྲུང་བྱེད་ཀྱི་ཡོད་ལ། དེ་བཞིན་བོད་ནང་གི་ཆོས་དད་རང་དབང་ལ་ཡང་བརྩི་བཀུར་དང་སྲུང་སྐྱོབ་བྱེད་ཀྱི་ཡོད་ཅེས་བརྗོད་པ་དང་ཆབས་གཅིག། ཁོང་གིས་ བོད་ནི་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང༌། བོད་འཛུགས་བསྐྲུན་ཡར་རྒྱས་ཀྱི་ཆེད་རྒྱ་ནག་གཞུང་ཕྱོགས་ནས་དོ་འཁུར་ཆེན་པོ་བྱེད་བཞིན་ཡོད་པ་ཡང་བརྗོད་ཡོད་པ་རེད།
རྒྱ་ནག་གཞུང་གིས་ བོད་ནང་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་བཞིན་པའི་ལས་འགུལ་དེ་དག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་ཕྱི་ཕྱོགས་སུ་ཡོད་པའི་བོད་མི་ཚོས་བརྒྱུད་བསྐུལ་གནང་པ་ཞིག་ཡིན་ལུགས་ཀྱི་སྐྱོན་འཛུགས་བྱེད་བཞིན་ཡོད་ན་ཡང༌། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ བོད་མིའི་སྒྲིག་འཛུགས་ཀྱིས་ལས་འགུལ་དེ་དག་ནི་རྒྱ་ནག་གཞུང་གིས་བོད་ནང་ཆེས་དྲག་གནོན་དང་དམ་བསྒྲགས་ཆེ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ལས་བྱུང་བ་ཞིག་ཡིན་སྟབས་ རྒྱ་ནག་གཞུང་ཕྱོགས་ནས་བོད་ཐོག་བཟུང་བའི་སྲིད་བྱུས་ལ་བསྐྱར་ཞིབ་དགོས་པ་དང༌། བོད་ནང་རྒྱལ་སྤྱིའི་གསར་འགོད་པ་དང་ གནད་དོན་རྟོག་ཞིབ་པ་ཆེད་གཏོང་དགོས་པའི་དགོས་འདུན་བཏོན་གནང་བཞིན་ཡོད་པ་རེད།