ཨ་རི་སྲིད་འཛིན་གྱིས་༸གོང་ས་མཆོག་མཇལ་འཕྲད་ཞུ་རྒུྱ་ཡིན་མིན

༸གོང་ས་མཆོག་ཨ་རིའི་ནང་ཆིབས་བསྒྱུར་མཛད་འཕྲིན་བསྐྱངས་སྐབས་སྲིད་འཛིན་ཨོ་སྦ་མ་མཆོག་གིས་མཇལ་འཕྲད་ཞུ་རྒྱུ་ཡིན་མིན་སྐོར།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་ཕྱི་ཟླ་བཅུ་པའི་ནང་ཨ་རིའི་ནང་ཆིབས་བསྒྱུར་མཛད་འཕྲིན་བསྐྱངས་སྐབས་སྲིད་འཛིན་ཨོ་སྦ་མ་མཆོག་གིས་མཇལ་འཕྲད་ཞུ་རྒྱུ་ཡིན་མིན་ཐད་ཚང་མས་དོ་སྣང་ཆེན་པོ་ཡོད་པའི་སྐོར་ཨེ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་ཡོངས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཡིན་པ་མ་ཟད་འཛམ་གླིང་གི་ནང་པ་ཡོངས་ཀྱི་དབུ་ཁྲིད་དང་ཞི་བདེའི་མཚོན་རྟགས་ཤིག་ཡིན་ཡང་རྒྱ་ནག་གཞུང་ངོས་ནས་ཏཱ་ལའི་བླ་མ་ནི་ཁ་བྲལ་རིང་ལུགས་པ་ཞིག་ཡིན་ཚུལ་སོགས་མཚན་དམས་ཆེན་པོ་ཞུ་བ་ཞིན་ཡོད་པས་སྲིད་འཛིན་ཨོ་སྦ་མ་མཆོག་གིས་ཚོར་རྐྱེན་ཆེ་བའི་ཐག་གཅོད་གནང་དགོས་ཆགས་རྒྱུ་དང་གང་ལྟར་ཨོ་སྦ་མ་མཆོག་གིས་ཐག་གཅོད་ག་རེ་གནང་ཡང་དེས་༸གོང་ས་མཆོག་ལ་རྒྱབ་སྐྱོར་ཞུ་མཁན་དང་མཚན་དམས་ཞུ་མཁན་གཉིས་ཀ་ཁོང་ཁྲོ་བསླང་རྒྱུ་ངེས་པ་ཡིན་སྐོར་བརྗོད་འདུག ཨ་རིའི་སྲིད་འཛིན་ཟུར་པ་ཇོརྗ་སྦུ་ཤི་མཆོག་གིས་༸གོང་ས་མཆོག་མཇལ་འཕྲད་ཞུས་པ་མ་ཟད་ཨ་རིའི་ཞི་བདེའི་གཟེངས་རྟགས་མཐོ་ཤོས་ཨ་རིའི་གྲོས་ཚོགས་ཀྱིས་ཕྱི་ལོ་ཉིས་སྟོང་བདུན་ལོར་༸གོང་ས་མཆོག་ལ་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་སྒོའི་ཐོག་ཆེད་བཅར་གནང་སྟེ་༸གོང་ས་མཆོག་ནི་འཛམ་གླིང་རྒྱལ་ཡོངས་ཀྱི་ཞི་བདེ་དང་བཟོད་སྲན་གྱི་མཚོན་རྟགས་ཡིན་པའི་ཆེ་བསྟོད་དང་བསྔགས་བརྗོད་ཆེན་པོ་ཞུས་པར་རྒྱ་ནག་གཞུང་རབ་ཏུ་ཁྲོས་ནས་ཨ་མི་རི་ཀས་ཡུལ་གྲུ་གཉིས་ཀྱི་འབྲེལ་བར་གནོད་སྐྱོན་ཚབས་ཆེ་བཏང་ལུགས་བརྗོད་ཡོད་པ་རེད།

རྒྱ་ནག་གཞུང་གིས་གཞི་མེད་ཀྱི་ངོ་རྒོལ་སྐྱོན་བརྗོད་ཞུ་བཞིན་པ་དང་འཛམ་གླིང་གི་དབུ་ཁྲིད་རྣམས་ཀྱིས་༸གོང་ས་མཆོག་མཇལ་འཕྲད་ཞུ་རྒྱུ་མེད་པའི་གནོན་ཤུགས་ཆེན་པོ་སྤྲད་ཀྱི་ཡོད་ན་ཡང་སྔ་ལོ་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་མཁན་ཕེ་རན་སིའི་སྲིད་འཛིན་ནི་ཀོ་ལ་སེ་སར་ཀོ་ཛི་མཆོག་གིས་མཇལ་འཕྲད་ཞུས་ཡོད་པ་རེད། ཨོ་སྦ་མ་མཆོག་གིས་ཀྱང་དེ་སྔོན་ཨ་རིའི་སྲིད་འཛིན་རྣམས་ཀྱིས་༸གོང་ས་མཆོག་མཇལ་བཅར་ཞུ་རྒྱུའི་རྒྱུན་སྲོལ་ཡོད་པ་བཞིན་ཞུ་རྒྱུ་ཡིན་སྐོར་གནས་ཚུལ་སྤེལ་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org