རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་སྐོར་འཛམ་གླིང་འཕྲོད་བསྟེན་སྒྲིག་ལ་སྦས་གསང་བྱས་འདུག

རྒྱ་ནག་གཞུང་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་སྐོར་ཀྱི་གནས་ཚུལ་དུས་ཐོག་མ་སྤྲད་པ་དང་སྦས་གསང་བྱས་ནས་ལས་དོན་ལ་འགོག་རྐྱེན་དང་སུན་པོ་བཟོས་ཡོད་འདུག

རྒྱ་ནག་ཝུའུ་ཧན་ནང་བུད་མེད་ཞིག་གིས་ཁ་རས་རྒྱབ་ཡོད་པ། ༢༠༢༠།༤།༡༥ AP

རྒྱ་ནག་གཞུང་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་སྐོར་ཀྱི་གནས་ཚུལ་དུས་ཐོག་མ་སྤྲད་པ་དང་སྦས་གསང་བྱས་ནས་ལས་དོན་ལ་འགོག་རྐྱེན་དང་སུན་པོ་བཟོས་ཡོད་འདུག
དེ་ཡང་ཕྱི་ཚེས་༢་ཉིན་ཧྥ་རན་སི་གསར་ལས་ཁང་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ནང་མོལ་གྱི་ཡིག་ཆ་ནས་གནས་ཚུལ་ཤེས་རྟོགས་བྱུང་དོན་ལྟར་ན། རྒྱ་ནག་ཝུའུ་ཧན་ནང་ཐོག་མར་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཐོན་པའི་རྗེས། རྒྱ་ནག་ནང་གི་ནད་འབུ་བརྟག་དཔྱད་སྡེ་ཚན་ཁག་གིས་ཏོག་དབྱིབས་ནད་འབུ་གསར་བའི་ངོ་བོ་དང་། རིགས་རྒྱུན་སྐྱེད་འཕེལ། འགོས་ཁྱབ་ལ་སོགས་པའི་སྐོར་སྔ་ས་ནས་ཞིབ་འཇུག་ཆ་ཚང་ཟིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་གནས་ཚུལ་དེ་དག་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་དུས་ཐོག་མཉམ་སྤྱོད་བྱ་རྒྱུའི་ཚབ་ཏུ་གནས་ཚུལ་སྦས་གསང་བྱས་ཡོད་པ་དང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ངོས་ནས་ཏོག་དབྱིབས་ནད་འབུ་གསར་བའི་སྐོར་གནས་ཚུལ་གང་མགྱོགས་མཁོ་སྒྲུབ་སླད། རྒྱ་ནག་གཞུང་ལ་བསྟུན་མཁས་ཀྱི་ཆེད་དུ་སྐྱོན་བརྗོད་མ་བྱས་པར་དེ་ལས་ལྡོག་སྟེ་བསྔགས་བརྗོད་ཀྱི་ལམ་ནས་གནས་ཚུལ་རག་ཐབས་བྱས་པའི་སྐོར་ཕྱི་ཟླ་༡་པོའི་ཚེས་༦་ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ནང་ཁུལ་གྱི་ཚོགས་འདུའི་ཡིག་ཆའི་ནང་གསལ་ཡོད་འདུག
ཕྱི་ཟླ་༡་པོའི་ཚེས་༦་ཉིན་གྱི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ནང་མོལ་གྱི་ཚོགས་འདུའི་ཡིག་ཚགས་ནང་གསལ་བར། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནང་ཏོག་དབྱིབས་ནད་འབུ་གསར་བའི་(COVID-19)་སྐོར་གྱི་ཆེད་ལས་འགན་འཛིན་(Maria Van Kerkhove)་ཞུ་བས། ང་ཚོས་ཏོག་དབྱིབས་ནད་འབུ་དེའི་སྐོར་གནས་ལུགས་ཆ་མི་ཚང་བའི་ཐོག་ལས་དོན་བྱེད་དགོས་ཀྱི་འདུག དེ་འདྲའི་གནས་སྟངས་འོག་ནད་འབུ་དེར་གདོང་ལེན་བྱེད་ཕྱོགས་ཀྱི་ལས་འཆར་བཀོད་སྒྲིག་བྱ་རྒྱུ་ཁག་པོ་འདུག་ཅེས་དང་། ཡང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་རྒྱ་ནག་ནང་གི་ལས་དོན་སྣེ་ཁྲིད་ཀྱི་འགན་འཁུར་གཙོ་བཞེས་གནང་མཁན་(Dr. Gauden Galea)་ཞུ་བས། རྒྱ་ནག་གཞུང་གི་གནས་ཚུལ་མཁོ་སྤྲོད་བྱ་སྟངས་ནི་ཏོག་དབྱིབས་ནད་འབུ་ལ་ཞིབ་འཇུག་གི་གནས་ཚུལ་རིགས་འཕྲོད་བསྟེན་སྒྲིག་འཛུགས་ལ་སྔ་ས་ནས་མཁོ་སྤྲོད་མ་བྱས་པར། རྒྱ་ནག་གི་གཞུང་འབྲེལ་(CCTV)་བརྙན་འཕྲིན་ལས་ཁང་ལ་གནས་ཚུལ་མཉམ་སྤྱོད་བྱས་པ་དང་། དུས་མཉམ་ལྟ་བུ་སྤྲོད་ཀྱི་ཡོད་པའི་དགོངས་ཚུལ་གསལ་འདོན་བྱས་འདུག
རྒྱ་ནག་གཞུང་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་ཏོག་དབྱིབས་ནད་འབུ་གསར་བའི་སྐོར་གནས་ཚུལ་སྦས་གསང་དང་འགོག་རྐྱེན་ཇི་ལྟར་སྤྲད་པའི་གནས་ཚུལ་དེ་བཞིན་ཉེ་བའི་འཆར་ཕྱོགས་གང་ས་ནས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་ལ་བསྟུན་མཁས་དང་རྒྱ་ནག་གིས་བཤད་པ་ལྟར་ཤར་བསྐྱོད་བྱས་ལུགས་ཀྱི་སྐྱོན་བརྗོད་གང་མང་ཐོན་བཞིན་པའི་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org