༄༅།།རྒྱ་ནག་གི་སྲིད་འཛིན་གཞོན་པ་ཤིའི་ཅིན་ཕིང་ཨ་མི་རི་ཀའི་ནང་འཚམས་འདྲིའི་ཁོངས་ནས་རེས་གཟའ་ཕུར་བུའི་ཉིན་ཨ་རིའི་མངའ་སྡེ་ཀེ་ལི་ཕོར་ནི་ཡའི་གྲོང་ཁྱེར་ལོསེ་ཨེན་ཇེ་ལེསི་ནང་དུ་ཚོང་འབྲེལ་གྱི་ཆེད་དུ་འཚམས་འདྲིར་འབྱོར་བའི་སྐབས་བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོས་ངོ་རྒོལ་བྱས་ཡོད་པ་རེད།
རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིན་ཐའོ་ ཡི་ཤུལ་འཛིན་པ་རྒྱ་ནག་གི་མི་རབས་ལྔ་པའི་འགོ་ཁྲིད་དུ་ངེས་པའི་ད་ལྟའི་སྲིད་འཛིན་གཞོན་པ་ཤིའི་ཅིན་ཕིང་ནི་ཐོག་མར་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དང་དེ་ནས་ཨ་རིའི་མངའ་སྡེ་ཨ་ཡོ་ཝ་དུ་འཚམས་འདྲིའི་རྗེས་སུ་ལོ་སེ་ཨེན་ཇེ་ལེསི་དུ་འབྱོར་བ་ཡིན་ཞིང༌། ད་རེས་འདིར་འཚམས་འདྲི་བྱེད་པའི་རིང་ལ་གློག་བརྙན་བཟོ་སྐྲུན་ཁང་གཞི་རྒྱ་ཆེན་པོ་ཞིག་གི་ཚོང་འབྲེལ་བཙུགས་རྒྱུའི་འཆར་གཞི་ཡོད་པ་རེད། རེས་གཟའ་ཕུར་བུའི་ཉིན་ཤིའི་ཅིན་ཕིང་ལོསེ་ཨེན་ཇེ་ལེསི་གནམ་ཐང་དུ་མ་འབྱོར་ཙམ་ལ་གནམ་ཐང་གི་ཕྱི་ཕྱོགས་སུ་རྒྱ་མི་བཅུ་གྲངས་ཤིག་རྒྱ་མིའི་ཆས་གོས་གྱོན་ཏེ་རྒྱ་ནག་གི་རྒྱལ་དར་འཁྱེར་ཏེ་དགའ་བསུ་ཞུས་ཡོད་ཀྱང༌ཤིའི་ཅིན་ཕིང་གནམ་ཐང་དུ་དངོས་སུ་འབབ་པའི་རྗེས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་ཙམ་གྱིས་ལག་ཏུ་ངོ་རྒོལ་གྱི་ཡིག་ཆེན་དང་བོད་ཀྱི་རྒྱལ་དར་འཕྱར་བཞིན་ཤིའི་ཅིན་ཕིང་མོ་ཊ་འདོན་སའི་ཕྱོགས་སུ་བསྡད་དེ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་རེད།
ད་རེས་ཤིའི་ཅིན་ཕིང་ཨ་རིའི་མངའ་སྡེ་ཀེ་ལི་ཕོར་ནི་ཡའི་གྲོང་ཁྱེར་ལོསེ་ཨེན་ཇེ་ལེསི་ དུ་འཚམས་འདྲི་བྱེད་པ་དེ་ནི་ད་བར་མི་ལོ་༡༣ རྗེས་སུ་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་འཚམས་འདྲིར་སླེབས་པ་ཐེངས་དང་པོ་ཡིན་པ་དང༌། དེ་རིང་རེས་གཟའ་པ་སངས་ཉིན་དཔལ་འབྱོར་གྱི་ཚོགས་འདུ་ཞིག་ཏུ་མཉམ་ཞུགས་བྱེད་རྒྱུ་མ་ཟད། མངའ་སྡེ་ཀེ་ལི་ཕོར་ནི་ཡའི་ངོས་ནས་ཁོང་ཚོའི་ལྷོ་ཕྱོགས་མངའ་སྡེའི་ཁུལ་དུ་ཚོང་ལས་དང༌། ཡུལ་སྐོར་སྤྲོ་འཆམ། སྤྲོ་སྐྱིད་གཏོང་ཡུལ་ཚོང་ལས་ཁང་ཐོག་རྒྱ་ནག་ཕྱོགས་ནས་དཔལ་འབྱོར་གྱི་མ་རྩ་འཛུགས་འཇོག་བྱ་རྒྱུའི་གོ་སྐབས་ཤུགས་ཆེ་རུ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།