ཀྲའོ་ཙེ་ཡང་གི་ཁྲེབ་ཐག་ཕབ་བསྒྱུར་བྱས་པའི་དེབ་འགྲེམས་སྤེལ།

རྒྱ་ནག་གུང་ཁྲན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་ཀྲའོ་ཙེ་ཡང་གི་ཁྲེབ་ཐག་ཕབ་བསྒྱུར་གྱིས་དེབ་ཁག་ཅིག་ཧོང་ཀོང་ནང་འགྲེམས་སྤེལ་བྱས་འདུག

༄༅༎རྒྱ་ནག་གུང་ཁྲན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་ཀྲའོ་ཙེ་ཡང་གིས་བཟང་བཙོན་དུ་བཞུགས་རིང་གསང་བའི་ཐོག་ནས་སྒྲ་བཅུག་གནང་བའི་ཁྲེབ་ཐག་གི་ནང་དོན་ཁག་ཅིག་ཡིག་ཐོག་ཕབ་བསྒྱུར་གྱིས་ད་རེས་གཟའ་པ་སངས་ཉིན་རྒྱ་ཡིག་ཐོག་དཔར་སྐྲུན་བྱས་པའི་དེབ་ཁག་ཅིག་ཧོང་ཀོང་གི་དེབ་ཚོང་ཁང་ཁག་ཅིག་ནང་དངོས་སུ་དེབ་འགྲེམས་སྤེལ་བྱས་ཡོད་ཅིང་དེབ་ཚོང་ཁང་ཁག་ནང་བཏོན་པའི་དེབ་དེ་དག་ཚང་མ་ཚང་ཁ་ཤིག་ཤིག་གིས་ཉོས་ནས་ཐོག་མར་གྲངས་འབོར་ཁྲི་གཅིག་དང་བཞི་སྟོང་ལྷག་ཙམ་ཞིག་དཔར་སྐྲུན་བྱས་ནས་འགྲེམས་སྤེལ་བྱས་པ་རྣམས་ཚོུད་ཁ་ཤས་ནང་ཚུད་རྫོགས་ཟིན་ཡོད་འདུག རྒྱ་ནག་གུང་ཁྲན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་ཀྲའོ་ཙེ་ཡང་གིས་སྒྲ་བཅུག་གནང་བའི་ཁྲེབ་ཐག་ལས་ཕབ་བསྒྱུར་གྱིས་དབྱིན་ཡིག་དང་རྒྱ་ཡིག་གཉིས་ཀྱི་ཐོག་ནས་དེབ་འགྲེམས་སྤེལ་བྱས་ཡོད་པའི་ནང་གཙོ་བོ་ཀྲའོ་ཙེ་ཡང་གི་རང་ཉིད་ཀྱི་ལོ་རྒྱུས་དང་འབྲེལ་བའི་རྒྱ་ནག་གི་གལ་ཆེའི་གནད་དོན་ཁག་ཅིག་འཁོད་ཡོད་པ་དང་དེ་ཚོའི་ནང་ནས་གལ་འགངས་ཆེ་ཤོས་ཅིག་ནི་༨༩འི་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་དེར་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པའི་བརྒྱུད་རིམ་དང་དེའི་སྐབས་དཔོན་རིགས་ནང་ཁུལ་གྱི་འཐབ་རྩོད་སོགས་གསལ་པོ་འཁོད་ཡོད་པ་རེད། ཧོང་ཀོང་ནང་མང་ཚོགས་ཁྲོད་ཀྲའོ་ཙེ་ཡང་གི་དེབ་དེར་དོ་སྣང་གིས་དུས་ཡུན་ཐུང་ངུའི་ནང་དེབ་ཡོངས་རྫོགས་ཉོས་བཟིན་ཡོད་པ་དང་རྒྱ་ནག་སྐམ་ས་ཆེན་མོའི་ནང་ལ་ཡང་མི་མང་པོས་དེབ་དེ་ཉོ་ཐུབ་རྒྱུའི་འབད་བརྩོན་དང་འདོད་པ་ཡོད་ན་ཡང་རྒྱ་ནག་གཞུང་གིས་བཀག་སྡོམ་གྱིས་རྒྱ་ནག་སྐམ་ས་ཆེན་མོའི་ནང་ད་ལྟའི་ཆར་དེབ་དེ་སྐད་ཡིག་གཉིས་ཀའི་ཐོག་ནས་འགྲེམས་སྤེལ་བྱེད་ཐུབ་མེད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org