རྒྱ་གཞུང་ནས་དྲ་རྒྱའི་ཐོག་སླར་བས་དམ་བསྒྲགས་ཆེ་རུ་བཏང་བ།

རྒྱ་ནག་གཞུང་ནས་དྲ་རྒྱའི་ནང་གནས་ཚུལ་བཀོད་ཕྱོགས་ཐོག་དམ་བསྒྲགས་ཇེ་ཤུགས་ཆེ་རུ་བཏང་ཡོད་འདུག

2009.04.02

༄༅༎རྒྱ་ནག་གཞུང་ནས་དྲ་རྒྱའི་ནང་གནས་ཚུལ་བཀོད་ཕྱོགས་ཐོག་དམ་བསྒྲགས་ཇེ་ཤུགས་ཆེ་རུ་བཏང་ཡོད་འདུག

དེ་རིང་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གཞུང་གི་བརྙན་འཕྲིན་དང་རླུང་འཕྲིན་ལས་ཁུངས་ཀྱི་གསལ་བསྒྲགས་སྤེལ་བའི་ནང་ཆབ་སྲིད་དང་ཆོས་ལུགས་ཀྱི་ངོ་བོའི་ཐོག་ནས་མི་རིགས་ཕན་ཚུན་དབར་འཐེན་འཁྱེར་བཟོ་གཞིའི་རིགས་དང་དེ་བཞིན་ཚུལ་མིན་གྱི་གློག་བརྙན་རིགས་དྲ་རྒྱའི་ནང་བཀོད་བཏོན་མི་ཆོག་པའི་དམ་བསྒྲགས་ཇེ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ལུགས་བཀོད་ཡོད་འདུག ད་རེས་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་ཁུངས་ནས་དམ་བསྒྲགས་ཤུགས་ཆེ་རུ་གཏོང་རྒྱུའི་གནད་དོན་དམིགས་བསལ་གང་ཡང་འགྲེལ་བཤད་རྒྱབ་མེད་ནའང་ཆོས་ལུགས་ཀྱི་རྨོངས་དད་དང་རྣམ་རྟོག་རིགས་ཁྱབ་སྤེལ་བྱེད་ཀྱི་ཡོད་ལུགས་ཟེར་བ་དེ་ནི་དེ་སྔ་ཕ་ལུང་ཀུང་ཉམས་ལེན་བྱེད་མཁན་ཚོའི་ཐོག་དམ་བསྒྲགས་བྱེད་པའི་སྐབས་ཀྱི་བརྗོད་ཚིག་བེད་སྤྱོད་བྱས་པ་ནང་བཞིན་ཡིན་པ་དང་དེ་བཞིན་བདུན་ཕྲག་གཉིས་ཙམ་གོང་སྔ་ལོ་བོད་ནང་རྒྱ་མིའི་ཉེན་རྟོག་པས་བོད་མི་ཚོའི་ཐོག་སྡུག་སྦྱོང་བཏང་བའི་བརྙན་པར་ལྦོ་དྲོ་ཕྱི་བསྒྲགས་བྱུང་བ་བཅས་ལ་བརྟེན་ད་རེས་སླར་ཡང་རྒྱ་ནག་གཞུང་ནས་དྲ་རྒྱའི་ཐོག་དམ་བསྒྲགས་ཇེ་ཤུགས་ཆེ་རུ་གཏོང་རྒྱུའི་གསལ་བསྒྲགས་སྤེལ་བ་དེ་ནས་རྟོགས་ཞུབ་པ་ཞིག་ཡིན་པའི་དཔྱད་ཞིབ་བྱེད་ཀྱི་ཡོད་པ་རེད།

འོན་ཀྱང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ནས་བོད་ནང་གི་དངོས་བྱུང་བརྙན་པར་དེ་དག་ནི་རྫུན་བཟོས་བྱས་པ་ཞིག་རེད་ཅེས་ངོས་ལེན་བྱེད་ཀྱི་མེད་པའི་ཁར་རྒྱ་ནག་ཁྱོན་ཡོངས་སུ་ཡོངས་གྲགས་ཆེ་བའི་ཡུ་ཀྲུབ་ཞེས་པའི་དྲ་རྒྱ་རྩ་བ་ནས་བལྟ་མ་ཐུབ་པ་བཀག་ཡོད་པ་བཅས་གང་ལྟར་རྒྱ་ནག་གཞུང་ནས་མང་ཚོགས་ཀྱི་དྲ་རྒྱའི་ནང་ནས་གནས་ཚུལ་མཁོ་སྒྲུབ་བྱེད་རྒྱུའི་ཐོག་མིང་དང་རྣམ་པ་འདྲ་མིན་གྱི་ཐོག་ནས་བཀོད་སྡོམ་སྔར་ལས་ལྷག་བྱེད་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎