གསར་འགོད་པར་སྲོག་ཉེན་མུ་མཐུད་ཡོང་བཞིན་པ།

ཨཕ་ག་ནི་སི་ཏན་དང་པ་ཀི་སི་ཏན་དབར་གྱི་འཐབ་རྩོད་ཀྱི་རྣོ་ངར་དེའི་ནང་གསར་འགོད་པ་མང་པོའི་ཚེ་སྲོག་ལ་ཉེན་ཁ་ཆེན་པོར་གྱུར་ཡོད་པ་རེད།

༄༅༎ཨཕ་ག་ནི་སི་ཏན་དང་པ་ཀི་སི་ཏན་དབར་གྱི་འཐབ་རྩོད་ཀྱི་རྣོ་ངར་དེའི་ནང་གསར་འགོད་པ་མང་པོའི་ཚེ་སྲོག་ལ་ཉེན་ཁ་ཆེན་པོར་གྱུར་ཡོད་པ་དང༌། འོན་ཀྱང་ཤྲི་ལང་ཀ་དང་བལ་ཡུལ་ནང་ད་ལྟའི་ཆར་ཛ་དྲག་གི་གནས་སྟངས་ཞི་འཇམ་དུ་གྱུར་ཡོད་ཀྱང་གསར་འགོད་པའི་བདེ་འཇགས་ལ་མུ་མཐུད་ཉེན་ཁར་གནས་ཡོད་པའི་ངོས་འཛིན་གནང་གི་ཡོད་པ་རེད།

དེ་རིང་རྒྱལ་སྤྱིའི་གསར་འགོད་རང་དབང་གི་ཉིན་མོ་དང་སྟབས་བསྟུན་ནས། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྒྱལ་སྤྱིའི་གསར་འགྱུར་མཐུན་ཚོགས་ཀྱིས་ལྷོ་ཨེ་ཤི་ཡའི་ནང་སྨྲ་བརྗོད་རང་དབང་ཞེས་པའི་སྙན་ཐོ་ཞིག་བཏོན་པའི་ནང། རྒྱ་གར་གྱི་དབུས་ཀྱི་ས་ཁུལ་དང༌། དེ་བཞིན་བྱང་ཤར་ཀཤི་མིར་ས་ཁུལ་ནང་གི་འཐབ་འཁྲུག་གི་དཀའ་རྙོགས་ཀྱི་རྐྱེན་པས་གསར་འགོད་པའི་ཚེ་སྲོག་ལ་ཉེན་ཁ་་མུ་མཐུད་གནས་ཡོད་པ་དང༌། ད་དུང་སྦང་ལ་རྡེཤ་དང། འབྲུག་ཡུལ། མོལ་ཌིལྦ་སི་སོགས་ནང་གསར་འགྱུར་གཏོང་སྤེལ་བྱེད་མཁན་གྱི་གསར་འགོད་པར་ཚོར་ཧ་ཅང་གི་དཀའ་ངལ་དང་ཚེ་སྲོག་ལ་ཉེན་ཁ་ཇི་ཙམ་ཡོད་མེད་ཐོག་ཞིབ་འཇུག་གནང་ཡོད་པ་རེད། གསར་འགྱུར་མཐུན་ཚོགས་དེའི་གསར་འགོད་པ། སུ་ཀུ་མའར་མུར་ལི་རྡ་རན་ཞུ་བས། པ་ཀི་སི་ཏན་གྱི་ལྷོ་ནུབ་སྦ་ལུ་ཆི་སི་ཏན་ཞིང་ཆེན་དེ་ནི། འཐབ་འཁྲུག་འོག་གསར་འགོད་པའི་ཐོག་ལ་དཀའ་ངལ་ཆེ་ཤོས་བྱུང་ཡུལ་གྱི་ས་ཁུལ་ཞིག་ཡིན་པ་དང༌། ད་དུང་ཡང་པ་ཀི་སི་ཏན་གྱི་བྱང་ཕྱོགས་ས་ཁུལ་ནི་དཀའ་ངལ་ཡོད་པ་གཅིག་མཚུངས་ཡིན་ཞིང༌། དེའི་ནང་དུ་རང་སྲོག་བློས་བཏང་བྱེད་མཁན་གྱིས། མི་གསོད་པ་དང༌། བཙན་ཁྲིད་བྱེད་པ། རྨས་སྐྱོན་བཏང་བ་སོགས་ཀྱིས་གསར་འགོད་པས་གནས་ཚུལ་མཁོ་སྒྲུབ་བྱེད་པར་ཁོང་ཚོའི་སྲོག་ལ་ཧ་ཅང་གི་ཉེན་ཁ་ཆེན་པོར་གནས་ཡོད་གཤིས། འདས་པའི་ལོ་གཅིག་དེའི་ནང་ལ་གསར་འགོད་པ་བཅུ་བཞི་རྐྱེན་ལམ་དུ་ཕྱིན་ཡོད་པ་གསུང་ཡོད་པ་རེད། བལ་ཡུལ་ནང་དུ་མི་ལོ་བཅུ་ཕྲག་གཅིག་རིང་ལ་མའོ་གྱེན་ལོག་ཤོག་ཁག་གི་རྒྱལ་ནང་དམག་འཁྲུག་མཚམས་འཇོག་བྱུང་བ་ནས་བཟུང་གསར་འགོད་པའི་ཚེ་སྲོག་ལ་ཉེན་ཁ་དེ་ཙམ་གཟིགས་ཀྱི་མེད་ཀྱང༌། གསར་འགོད་པ་གང་ཞིག་གིས་མའོ་གྱེན་ལོག་པའི་སྐོར་གྱི་གནས་ཚུལ་གཏོང་སྤེལ་བྱེད་པར་མའོ་གྱེན་ལོག་ཤོག་ཁག་གིས་ཡང་སེ་འཇིགས་སྐུལ་བྱེད་པ་དང༌། ཉེས་རྡུང་བཏང་བ། བསད་པ་གནས་ཚུལ་ཡོང་གི་ཡོད་པ་དང༌། དེ་བཞིན་རྒྱ་གར་ནང་དུ་མའོ་གྱེན་ལོག་ཤོག་ཁག་གི་གནས་ཚུལ་མཁོ་སྒྲུབ་བྱེད་པར་གསར་འགོད་པར་ཚོར་ཧ་ཅང་གི་དཀའ་ངལ་ཡོད་པ་ནི། གསར་འགོད་པར་གནས་ཚུལ་མཁོ་སྒྲུབ་བྱེད་པ་རྒྱ་གར་གཞུང་དང་མའོ་གྱེན་ལོག་ཤོག་ཁག་གཉིས་ཀས་བཀག་འགོག་བྱེད་པ། ཤྲི་ལང་ཀའི་ནང་ལ་རྒྱལ་ནང་དམག་འཁྲུག་མཇུག་སྒྲིལ་ནས་ལོ་གཉིས་འགྲོ་གི་ཡོད་ཀྱང་གསར་འགོད་པའི་ཐོབ་ཐང་ཐོག་མུ་མཐུད་རྩིས་མེད་རྡོག་རོལ་དུ་གཏོང་གི་ཡོད་པ་གསུང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org