རྒྱ་ནག་གི་གཞུང་ཚབ་ཁག་གིས་གསར་འགྱུར་བརྒྱུད་ལམ་ཁག་ལ་རྒོལ་རྡུང་གཏོང་རྒྱུ་མཚམས་འཇོག་དགོས།
2020.04.02
ཏོག་དབྱིབས་ནད་ཡམས་དང་འབྲེལ་རྒྱ་ནག་གི་གཞུང་ཚབ་ཁག་གིས་གསར་འགྱུར་བརྒྱུད་ལམ་ཁག་ལ་རྒོལ་རྡུང་གཏོང་རྒྱུ་མཚམས་འཇོག་དགོས་པ་རྒྱལ་མཚམས་མེད་པའི་གསར་འགོད་ལྷན་ཚོགས་ཀྱིས་ནན་སྐུལ་བྱས་འདུག
དེང་སྐབས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་དང་གསར་འགོད་པ་མང་པོས། རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བ་དབྱིན་སྐད་དུ་(Covid-19)་ནད་ཡམས་ཁྱབ་གདལ་ཐད་གནས་ཚུལ་མང་པོ་སྤེལ་བཞིན་པ་དང་། ལྷག་པར་ནད་ཡམས་དེ་ཐོག་མར་བྱུང་སྟངས་དང་རྒྱ་ནག་གཞུང་གིས་སྔོན་འགོག་གི་ལས་དོན་སྤེལ་ཕྱོགས་ཐད་འཐུས་ཤོར་བཏང་བ་སོགས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་སོགས་ཀྱི་གནས་ཚུལ་སྤེལ་མཁན་གསར་འགྱུར་ལས་ཁང་དང་། གསར་འགོད་པ་ཚོར་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་ནང་ཡོད་པའི་རྒྱ་ནག་གཞུང་གི་གཞུང་ཚབ་ཁག་གིས་ཚུར་རྒོལ་དང་ནག་པོ་བཟོ་རྒྱུ་མཚམས་འཇོག་བྱེད་དགོས་བ་རྒྱལ་མཚམས་མེད་པའི་གསར་འགོད་ལྷན་ཚོགས་ཀྱིས་ནན་སྐུལ་བྱས་འདུག
ད་དུང་གནས་ཚུལ་ནང་། རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་དེ་བཞིན་རྒྱ་ཡན་ངང་ད་ཆ་རྒྱ་ནག་ནས་འཛམ་གླིག་གི་ཡུལ་གྲུ་གང་སར་ཁྱབ་གདལ་ཤུགས་ཆེན་འགྲོ་བཞིན་པ་དང་། རྒྱ་ནག་ནང་ནད་ཡམས་དེའི་གནས་སྟངས་ཕྲན་བུ་བཟང་དུ་འགྲོ་བཞིན་པའི་སྐབས། རྒྱ་ནག་དམར་ཤོག་ཚོགས་པས་ཕྱིའི་རྒྱལ་ཁབ་ཁག་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་ཁག་ལ། ཏོག་དབྱིབས་ནད་ཡམས་གསར་བ་དང་འབྲེལ། རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་གསར་ལམ་ཁག་དང་། གསར་འགོད་པ་ཚོར་ཚུར་རྒོལ་ཚབས་ཆེ་བྱ་རྒྱུར་བེད་སྤྱོད་གཏོང་གི་ཡོད་པ་དང་། རྒྱལ་མཚམས་མེད་པའི་གསར་འགོད་ལྷན་ཚོགས་ཀྱིས་བྱ་སྤྱོད་དེ་དག་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་སྐུལ་མ་ནན་པོ་གནང་བ་ཡིན་པ། རྒྱལ་མཚམས་མེད་པའི་གསར་འགོད་ལྷན་ཚོགས་ཀྱི་ཤར་ཨེ་ཤེ་ཡའི་འགན་འཛིན་(Cedric Alviani)་ལགས་ཀྱིས་གསུང་འདུག་ལ། ད་དུང་ཁོང་གིས་རྒྱ་ནག་གི་གཞུང་ཚབ་ཁག་གིས་བསྒྲགས་གཏམ་སྤེལ་བ་དེ་དག་ནི། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཏོག་དབྱིབས་ནད་ཡམས་ཐད་གནས་ཚུལ་སྤེལ་སྟངས་ཐོག་སྟངས་འཛིན་དོ་དམ་བྱ་རྒྱུའི་དམིགས་ཡུལ་ཡོད་པ་དང་། དེ་ཡང་རྒྱ་ནག་གཞུང་གི་དཔོན་རིགས་མཐོ་ཤོས་ཚོའི་མཉམ་འབྲེལ་སྲིད་ཇུས་ཡིན་སྐོར་གསུང་འདུག
ཕྱི་ལོ་༢༠༡༩་ལོར་རྒྱལ་མཚམས་མེད་པའི་གསར་འགོད་ལྷན་ཚོགས་ཀྱིས་(China Pursuit of a New World Media Order)་ཞེས་པའམ་རྒྱ་ནག་གཞུང་གིས་འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་གྱི་གོ་རིམ་གསར་པ་ཞིག་དོན་དུ་གཉེར་གྱི་ཡོད་པ་ཞེས་པའི་ཞིབ་འཇུག་པར་བསྐྲུན་བྱས་བ་ལུང་འདྲེན་གནང་ཡོད་པ་དང་། དེའི་ནང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་(Peru)་ནས་ཡིན་པ་(Mario Vargas Llosa)་ལགས་ཀྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་གནང་བའི་དགོངས་ཚུལ་དེ་ཡང་བཀོད་ཡོད་སྟབས་པེ་རུ་ནང་གི་རྒྱ་ནག་གི་གཞུང་ཚབ་ཀྱིས་དེ་ནི་འགན་འཁུར་མེད་པའི་གཏམ་བཤད་ཅིག་ཡིན་ལུགས་ཕྱི་ཟླ་༣་ཚེས་༡༦་ཉིན་འགྲེལ་བརྗོད་བྱས་ཡོད་པ་རེད།
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་གཞན་གསར་ལམ་ཁག་གི་གྲངས་ཐོ་ལྟར་ན། འདི་གའི་སྤྱི་ཟླ་ ༤ ་པའི་ཚེས་2་ཉིན་གྱི་ཞོགས་པ་བར། རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་དེ་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་གྲུ་ཁག་༢༠༥་ཙམ་གྱི་ནང་ཁྱབ་ནས། ད་བར་ཁྱོན་བསྡོམས་ནད་པ་མི་གྲངས་༩༨༡༢༢༡་ཐོན་ཡོད་པ་དང་། དེའི་ཁྲོད་ནས་མི་གྲངས་༥༠༢༣༠་འདས་གྲོངས་སུ་ཕྱིན་འདུག་ལ། ད་ལྟའི་ཆར་ནད་པའི་གྲངས་ཀ་མང་ཤོས་ཨ་རི་དང་། ཨེ་ཊ་ལི། རྒྱ་ནག སུ་པན། ཇར་མན་བཅས་ཡིན་པ་རེད།