བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པ་དབུ་འཛུགས།
ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༧ རེས་གཟའ་ལྷག་པའི་ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པའི་མདུན་ཐང་དུ། བཙན་བྱོལ་ནང་གི་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ འགོ་འཛུགས་ཀྱིས། སྐབས་དེར་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ཁག་གཅིག་ཆེད་ཕེབས་གནང་ཡོད་པ་རེད་འདུག བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས། འདི་ལོའི་བོད་ཀྱི་ཞོ་སྟོན་དེ་བཞིན་བཞུགས་སྒར་རྡ་རམ་ས་ལར་ཚོགས་དགོས་པའི་དམིགས་ཡུལ་གཙོ་བོ་ནི། འདི་ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ཕེབས་པའི་༸སྐུའི་གོ་སྟོན་དང་བསྟུན། བོད་ཀྱི་ཟློས་གར་དང་སྒྱུ་རྩལ་རིག་གཞུང་གཅེས་ཉར་དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ཡིན་པར་བརྟེན་ཡིན་ཞེས་འགྲེལ་བརྗོད་དང་སྦྲགས། དཀའ་ཚེགས་ཅི་ཞིག་འཕྲད་ཀྱང་རིག་གཞུང་བདག་ཉར་ཆེད་བོད་ཀྱི་ཟློས་གར་ངོས་ནས་ད་བར་ཧུར་ཐག་འབད་བརྩོན་བྱས་ཡོད་ཀྱང་། འདི་ལོར་ཨ་རིའི་རོགས་དངུལ་མཚམས་འཇོག་ལ་བརྟེན་ནས་ཞོ་སྟོན་གྱི་འགྲོ་སོང་ཐད་དཀའ་ངལ་འཕྲད་པར། ཟློས་གར་ཚོགས་པས་བོད་ཀྱི་བླ་ཆེན་དང་ཚོང་པ་ཁག་ལ་རེ་སྐུལ་དང་། ཞལ་འདེབས་བསྡུ་རུབ་སོགས་བྱས་ཏེ་ཚོགས་ཐུབ་པ་གནང་ཡོད་སྐོར་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག
འདི་ག་གསར་འགོད་པས་ཐེངས་འདིའི་བཙན་བྱོལ་ནང་གི་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པའི་ཐོག་མཉམ་ཞུགས་གནང་མཁན་ཚོགས་མི་ཁག་གཅིག་ལ་ཞོ་སྟོན་གྱི་གལ་གནད་དང་འཁྲབ་གཞུང་སྐོར་བཀའ་འདྲི་ཞུས་པར། མ་སུ་རི་བོད་ཁྱིམ་སློབ་གྲྭའི་ལྷ་མོའི་འཁྲབ་སྟོན་སྣེ་ཁྲིད་མཁན་ལྷག་པ་ལགས་ཀྱིས། འདི་ལོར་ཁོ་ཚོའི་རུ་ཁག་ངོས་ནས་ལྷ་གཞུང་གཟུགས་ཀྱི་ཉི་མ་འཁྲབ་སྟོན་གནང་རྒྱུ་ཡིན་སྐོར་ངོ་སྤྲོད་དང་སྦྲགས། ད་ལྟའི་དུས་སྐབས་སུ་བོད་པའི་མི་རབས་གཞོན་པ་རྣམས་ནས་བོད་ཀྱི་རིག་གཞུང་བདག་ཉར་ཐད་དོ་སྣང་དང་འགན་འཕར་མ་བཞེས་དགོས་ཀྱང་། དཀའ་ངལ་ཆེ་ཤོས་ནི་མི་རབས་གསར་པའི་ཁྲོད་བོད་སྐད་ཡིག་བཀོལ་སྤྱོད་ཐད་ཉམས་ཆག་འགྲོ་བཞིན་པ་དེས་རིག་གཞུང་བདག་ཉར་ཐད་རང་བཞིན་གྱིས་ཤུགས་རྐྱེན་ཐེབས་ཀྱི་ཡོད་ཀྱང་། དེང་གཞོན་སྐྱེས་ཁག་གཅིག་གིས་ཞོ་སྟོན་དང་ལྷ་མོའི་འཁྲབ་སྟོན་ཁག་གི་ནང་མཉམ་ཞུགས་གནང་བ་ཙམ་གྱིས། བོད་ཀྱི་རིག་གཞུང་ལ་རང་བཞིན་གྱིས་དོ་སྣང་ཡོང་གཞིར་གྱུར་ཡོད་པའི་སྐོར་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ལྕགས་ཟམ་བོད་ཀྱི་ལྷ་མོའི་གླུ་གར་ཚོགས་པའི་འགན་འཛིན་ཚེ་རིང་དབང་མོ་ལགས་ཀྱིས། བོད་ཀྱི་ཞོ་སྟོན་དེ་བཞིན་ཤིན་ཏུ་ནས་གལ་འགངས་ཆེན་པོར་ངོས་འཛིན་གྱིས། ལྕགས་ཟམ་ལྷ་མོའི་ཚོགས་པས་ལོ་ལྟར་མ་དངུལ་མཁོ་སྒྲུབ་ཀྱིས་ལོ་བཞི་བསྟུད་མར་ཞོ་སྟོན་ཐོག་བཅར་རྒྱུའི་བསྐལ་པ་བཟང་པོ་བྱུང་སྐོར་འགྲེལ་བརྗོད་གནང་གི་འདུག་ལ། བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པའི་འགན་འཛིན་བྱམས་པ་ལགས་ཀྱིས། འདི་ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་ཀྱི་ཡོད་པའི་༸སྐུའི་གོ་སྟོན་དང་བསྟུན། ལྷ་གཞུང་སྟོན་པའི་མཛད་རྣམ་འཁྲབ་བསྟོན་གནང་རྒྱུའི་བསྐལ་བཟང་གི་གོ་སྐབས་ཐོབ་པར་དགའ་ཚོར་ཆེན་པོ་ཡོད་སྐོར་འགྲེལ་བརྗོད་དང་སྦྲགས། བོད་ཀྱི་སྐད་དང་རིག་གཞུང་དེ་བཞིན་མི་རབས་གཞོན་པ་རྣམས་ནས་རྒྱུན་འཛིན་གནང་དགོས་གལ་ཆེ་བས། གཞོན་སྐྱེས་རྣམས་ནས་ཞོ་སྟོན་ཐོག་མཉམ་བཞུགས་གནང་རྒྱུ་དང་ཡང་ན་ལྷ་མོའི་འཁྲབ་གཞུང་གཟིགས་སླད་ངེས་པར་དུ་ཕེབས་དགོས་གལ་ཆེ་བ་ཡིན་ཞེས་ནན་བརྗོད་གནང་བྱུང་།
གཞི་རྩའི་ཡོངས་གྲགས་བོད་ཀྱི་ནང་ཆོས་དང་འབྲེལ་བའི་རྣམ་ཐར་ཆེན་པོ་བརྒྱད་འཁྲབ་སྟོན་གྱི་ལྷ་མོའི་འཁྲབ་གཞུང་ནི། སྤྱི་ལོའི་དུས་རབས་བཅུ་བཞི་པའི་ནང་བོད་ཀྱི་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ནས་དར་སྲོལ་བྱུང་བ་ཞིག་དང་། ཡོངས་གྲགས་འབྲས་སྤུངས་ཞོ་སྟོན་ནི། བོད་ནང་གདན་ས་སེ་འབྲས་དགེ་གསུམ་དབྱར་གནས་ཚུགས་པའི་སྐབས། སྦྱིན་བདག་རྣམས་ཀྱིས་ཞོ་ཡི་སྟོན་མོ་འབྱེད་པས་ན་ཞོ་སྟོན་དུ་འབོད་པ་དང་། དུས་རབས་བཅུ་བདུན་པའི་ནང་༸རྒྱལ་དབང་ལྔ་པ་ཆེན་མོས་བོད་ཀྱི་ལུགས་གཉིས་ཐུགས་འགན་བཞེས་སྐབས་སུ། བོད་ཟླ་དྲུག་པའི་གནམ་གང་ཞོ་སྟོན་གྱི་ཉིན་མོར། བཀྲ་ཤིས་ཞོལ་པ་དང་བྲོ་པ། ཤེལ་རོང་འབྲོང་རྩེད་པ་བཅས་འབྲས་སྤུངས་སུ་ཡོང་ནས། དགའ་ལྡན་ཕོ་བྲང་གི་མདུན་ངོས་སུ་ལྷ་མོའི་འཁྲབ་སྟོན་གཟིགས་མོ་འབུལ་སྲོལ་དར་ཡོད་པ་དང་། ༸རྒྱལ་དབང་བཅུ་གསུམ་པའི་རིང་ཞོ་སྟོན་སྐབས་ལྷ་མོའི་ཚོགས་པ་ཡོངས་རྫོགས་བསྐོང་འགུགས་གནང་སྟེ། ནོར་བུ་གླིང་ཁར་ལྷ་མོ་གཟིགས་འབུལ་གྱི་དར་སྲོལ་བྱུང་ཡོད་ཅིང་། བཙན་བྱོལ་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཕེབས་དགོངས་དོན་བཞིན། ཕྱི་ལོ་ ༡༩༩༣ ལོར་བོད་ཀྱི་ཞོ་སྟོན་ཐོག་མ་སྲུང་བརྩི་ཞུས་ཏེ་ལྷ་མོ་ཚོགས་པ་ཁག་འདྲ་མིན་གྱིས་འཁྲབ་གཞུང་འཁྲབ་སྟོན་གྱི་དར་སྲོལ་བྱུང་ཡོད་པ་དང་། ཐེངས་འདིའི་བཙན་བྱོལ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ དེ་བཞིན་ཟླ་ ༥ ཚེས་ ༧ ནས་ ༡༩ བར་བཅས་ཉིན་གྲངས་ ༡༣ རིང་ཚོགས་ཀྱི་ཡོད་ཅིང་། དེའི་ཐོག་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་དང་གཞིས་ཆགས་ཁག་གཙོས་པའི་ཁྱོན་ཚོགས་པ་ཁག ༡༥ ནས་མཉམ་ཞུགས་གནང་ཡོད་པ་རེད་འདུག
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།