སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧྥེ་ཊིག་མར་ཛི་མཆོག་ཇར་མ་ནིའི་དབུ་ཁྲིད་དུ་བདམས་ཐོན་བྱུང་བར་འཚམས་འདྲི་མཛད་འདུག

2025.05.07
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧྥེ་ཊིག་མར་ཛི་མཆོག་ཇར་མ་ནིའི་དབུ་ཁྲིད་དུ་བདམས་ཐོན་བྱུང་བར་འཚམས་འདྲི་མཛད་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧྥེ་ཊིག་མར་ཛི་མཆོག་ཇར་མ་ནིའི་དབུ་ཁྲིད་དུ་བདམས་ཐོན་བྱུང་བར་འཚམས་འདྲི་མཛད།
Reuters

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧྥེ་ཊིག་མར་ཛི་(Friedrich Merz)མཆོག་ཇར་མ་ནིའི་དབུ་ཁྲིད་(Chancellor)དུ་བདམས་ཐོན་བྱུང་བར་འཚམས་འདྲི་མཛད་འདུག

དེ་ཡང་ཕྱི་ལོ་ ༢༠༢༥ ཟླ་བ་ ༠༥ ཚེས་ ༠༧ ཉིན་སྩལ་བའི་འཚམས་འཕྲིན་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ངོས་རང་ཆུང་དུས་ནས་ཇར་མན་མི་མང་ལ་སེམས་ཐག་ཉེ་པོ་ཞིག་ཚོར་མྱོང་ཡོད་ལ། འདས་པའི་ལོ་མང་པོའི་རིང་ལ། ངོས་རང་སྐུ་ཉིད་ཀྱི་རྒྱལ་ཁབ་དུ་ཐེངས་མང་བསྐྱོད་མྱོང་ཡོད། ཇར་མན་གྱི་མི་མང་ཚོས་བོད་མི་མང་གི་འཚེ་མེད་ཞི་བའི་ལམ་ནས་རང་དབང་འཐབ་རྩོད་བྱེད་བཞིན་པར་རྒྱབ་སྐྱོར་དང་། ངོས་ཀྱིས་བྱམས་སྙིང་རྗེ་དང་། འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར། ཆོས་ལུགས་མཐུན་སྒྲིལ་ལྟ་བུའི་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་ཐབས་ཀྱི་འབད་བརྩོན་ལ་དོ་སྣང་གནང་བར་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་དང་།

དེ་བཞིན་མགོན་པོ་མཆོག་གིས་མུ་མཐུད། དེང་སྐབས་འཛམ་གླིང་ལ་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་ཅིང་། སྐུ་ཉིད་ནས་དཀའ་ངལ་ཡོད་པའི་དུས་རབས་འདིའི་ནང་འོས་ཤིང་འཚམས་པའི་དབུ་ཁྲིད་གནང་ཐུབ་པའི་ཡིད་ཆེས་ཡོད། ངོས་ཀྱིས་རྒྱུན་དུ་ཡུ་རོབ་མཐུན་ཚོགས་ཀྱིས་ཚོགས་མི་རྒྱལ་ཁབ་ཡོངས་ཀྱི་ཐུན་མོང་གི་ཁེ་ཕན་དང་བདེ་དོན་གལ་ཆེན་བཟུང་གི་ཡོད་པའི་ལམ་སྲོལ་དེར་བརྩི་མཐོང་ཞུ་གི་ཡོད་ལ། ངས་མཉམ་སྦྲེལ་གྱི་ལམ་སྲོལ་འདིས་རྒྱལ་ཁབ་གཞན་ལ་སེམས་འགུལ་དང་། འཛམ་གླིང་ནང་ཞི་བདེ་དང་དཔལ་འབྱོར་གོང་འཕེལ་གཏོང་བར་ཕན་ཐོགས་ཡོང་བའི་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་བཀའ་སྩལ་འདུག ། 

གསར་འགོད་པ། བསྟན་འཛིན་བསྟན་སྐྱོང་། 

རྩོམ་སྒྲིག་པ། བསྟན་འཛིན་པདྨ། 

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎