ཨོ་ལིམ་པིག་རྩེད་འགྲན་པ་ཚོར་བོད་དོན་རྒྱབ་སྐྱོར་ཆེད་སྐུལ་འདེད།
ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོས་ཨོ་ལིམ་པིག་རྩེད་འགྲན་པ་ཚོར་བོད་ཀྱི་རྩ་དོན་བརྗེད་ཐབས་མེད་པའི་རྣམ་པ་འགྲེམས་སྟོན་བྱེད་རྒྱུའི་སྐུལ་འདེད།
-
2008-08-03 -
-
-
༄༅༎ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ ཧའན་སེ་གརཏེ་པོ་ཀྲེ་རིང་ མཆོག་གིས་ཨོ་ལིམ་པིག་གི་རྩལ་འགྲན་ནང་མཉམ་ཞུགས་བྱེད་མཁན་རྩེད་འགྲན་པ་ཚོས་ རྒྱ་ནག་དང་བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་ བོད་ཀྱི་རྩ་དོན་བརྗེད་ཐབས་མེད་པའི་རྣམ་པ་འགྲེམས་སྟོན་བྱེད་རྒྱུའི་སྐུལ་འདེད་གནང་ཡོད་པ་རེད་
དེ་ཡང་ཇར་མ་ནིའི་ཉིན་རེའི་གསར་ཤོག་ སྦིལ་ཨེམ་སོན་ཏག ཟེར་བའི་ནང་ལ་ཁོང་གིས་ཆེད་རྩོམ་ཞིག་སྤེལ་གནང་བའི་ནང་ རྒྱ་ནག་གཞུང་གིས་རྩེད་འགྲན་གྱི་མིང་ཐོག་ནས་རྒྱ་ནག་དང་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཐོག་བརྩི་མེད་རྡོག་རོལ་མུ་མཐུད་བཏང་ན་འགྲིག་གི་མེད་ལུགས་སྐྱོན་བརྗོད་བྱེད་པ་དང་སྦྲགས་ རྩེད་འགྲན་པ་ཚོས་སོ་སོའི་ངོས་ནས་ཐག་གཅོད་བྱས་ཏེ་ རྩེད་འགྲན་རུ་སྒྲིག་སོགས་ ས་གནས་དང་དུས་སྐབས་གང་འོས་སར་བོད་ཀྱི་རྒྱལ་ཁབ་དེ་བཞིན་བརྗེད་ཐབས་མེད་པའི་རྣམ་པ་འགྲེམས་སྟོན་བྱེད་དགོས་པ་དང་ རྩེད་འགྲན་པ་ཚོའི་རྣམ་འགྱུར་དེ་ཚོའི་རིགས་ལ་རྒྱ་ནག་ལ་སོགས་པའི་དཔོན་རིགས་ཚོས་བཀག་འགོག་བྱེད་ཆོག་གི་མེད་ལུགས་གསུངས་ཡོད་པ་རེད་ བོད་ནང་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་ཆེད་དུ་བོད་མི་ཚོས་དཀའ་སྡུག་དང་ དྲག་གནོན་མི་བཟོད་པར་འཐབ་རྩོད་མུ་མཐུད་བྱེད་བཞིན་པར་བརྟེན་ བོད་མི་དང་བོད་དོན་ཐོག་ལ་རྒྱབ་སྐྱོར་བྱེད་རྒྱུ་ནི་ ང་ཚོའི་སྐབས་བབ་ཀྱི་ལས་འགན་རེད་ཅེས་ནན་བརྗོད་གནང་ཡོད་པ་རེད་ ལྷག་དོན་དུ་ བོད་རྒྱའི་དབར་འབྲེལ་མོལ་ཐེངས་བདུན་གནང་ཀྱང་ གྲུབ་འབྲས་བཟང་པོ་གང་ཡང་ཐོན་མེད་པར་བརྟེན་ ཨོ་ལིམ་པིག་རྩེད་འགྲན་གྱི་གོ་སྐབས་དང་བསྟུན་ཏེ་ འཛམ་གླིང་གི་དབུ་ཁྲིད་ཚོས་ རྒྱ་ནག་སྤྱི་དང་དམིགས་སུ་བཀར་ནས་ བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་བཟང་དུ་གཏོང་ཐབས་སླད་ རྒྱ་ནག་གཞུང་གི་ཐོག་ལ་གནོན་ཤུགས་སྤྲོད་དགོས་ལུགས་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་ཆེད་རྩོམ་ཞིག་སྤེལ་བའི་ཐོག་ནས་ ཨོ་ལིམ་པིག་གི་རྩེད་འགྲན་པ་ཡོངས་ལ་སྐུལ་འདེད་གནང་ཡོད་པ་རེད།