འཇར་མན་གྱི་ཕྱི་སྲིད་བློན་ཆེན་ནས་བོད་དོན་གླེང་སློང་གནང་འཆར།
འཇར་མན་གྱི་ཕྱི་སྲིད་བློན་ཆེན་མཆོག་རྒྱ་ནག་ཏུ་འཚམས་འདྲི་གཟིགས་བསྐོར་ཕེབས་པའི་སྐབས་བོད་ཀྱི་གནད་དོན་ཐོག་གླེང་སློང་གནང་འཆར་ཡོད་འདུག
-
2008-06-12 -
-
-
༄༅༎འཇར་མན་གྱི་ཕྱི་སྲིད་བློན་ཆེན་མཆོག་རྒྱ་ནག་ཏུ་འཚམས་འདྲི་གཟིགས་བསྐོར་ཕེབས་པའི་སྐབས་བོད་ཀྱི་གནད་དོན་ཐོག་གླེང་སློང་གནང་འཆར་ཡོད་འདུག།
འཇར་མན་གྱི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གསུངས་པར་ལྟར་ན། ཕྱི་སྲིད་བློན་ཆེན་སེ་ཀྲེནམ་ཡར་མཆོག་དང་། གྲོས་ཚོགས་འཐུས་མི་ཁག་ཅིག་ལས་སྒྲུབ་པས་སྐུ་ཚབ་ཚོགས་པ་ཞིག་སང་ཉིན་རེས་གཟའ་པ་སངས་ཉིན་རྒྱ་ནག་ཏུ་འཚམས་འདྲི་གཟིགས་བསྐོར་ཕེབས་རྒྱུ་ཡིན་པ་དང་། ཉིན་གྲངས་གསུམ་རིང་རྒྱ་ནག་ནང་བཞུགས་རྒྱུན་རིང་རྒྱ་ནག་གི་སྲིད་བློན་དང་། ཕྱི་སྲིད་བློན་ཆེན་གཞན་ཡང་ཆབ་སྲིད་གྲོས་ཚོགས་ཀྱི་གནད་ཡོད་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་གནང་འཆར་ཡོད་འདུག། དེ་དང་ཕྱོགས་མཚུངས་བོད་ཀྱི་གནད་དོན་ཐོག་ལའང་བཀའ་མོལ་གནང་སྲིད་པ་ཡིན་འདུག།
འཇར་མན་གྱི་ཕྱི་སྲིད་བློན་ཆེན་སེ་ཀྲེན་མ་ཡར་མཆོག་རྒྱུན་གཏན་ནས་རྒྱ་ནག་མཉམ་འབྲེལ་ལམ་ཡག་པོ་བཟོ་དགོས་ལུགས་གནོན་ཤུགས་སྤྲོད་མཁན་ཞིག་ཡིན་པ་དང་། ལྷག་པར་དུ་དེ་སྔ་འཇར་མན་གྱི་སྲིད་བློན་ལྕམ་སྐུ་མར་ཀལ་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་བའི་གནད་དོན་ལ་རྒྱ་ནག་ཁོང་ཁྲོ་ལངས་ཏེ་འཇར་མན་དང་འབྲེལ་བ་སྐབས་ཤིག་རིང་ཇེ་སྡུག་ཏུ་ཕྱིན་པའི་སྐབས་འབྲེལ་མཐུད་གནང་མཁན་ཡང་ད་ལྟའི་ཕྱི་སྲིད་བློན་ཆེན་མཆོག་ཡིན་པ་བཅས་གང་ལྟར་རྒྱ་ནག་དང་འབྲེལ་བ་ཡག་པོ་ཡོད་མཁན་ཞིག་ཡིན་འདུག།
ཡང་མགྲིན་ཚབ་པས་མུ་མཐུད་ནས། ད་རེས་འཇར་མན་གྱི་སྐུ་ཚབ་རྣམས་ཕེབས་པའི་སྐབས་གནད་དོན་མང་པོའི་ཐོག་དགོངས་ཚུལ་ལྷུག་པོ་གསུངས་རྒྱུ་ཡིན་པ་དང་། བོད་ཀྱི་གནད་དོན་ཐོག་ལའང་བཀའ་མོལ་གནང་སྲིད་པ་རེད་ཅེས་གསུངས་འདུག་ལ་ རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཀྱང་ད་རིང་གསར་འགོད་ལྷན་ཚོགས་ཐོག། འཇར་མན་གྱི་ཕྱི་སྲིད་བློན་ཆེན་ཕེབས་པའི་སྐབས་བོད་ཀྱི་གནད་དོན་དང་། ཏཱ་ལའི་བླ་མའི་སྐོར་གྲོས་མོལ་གནང་རྒྱུའི་གྲ་སྒྲིག་ཡོད་ཅེས་གསུངས་འདུག།