རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ལ་ཉམས་ཞིབ།

ཇར་མན་གཞུང་གི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་དཔོན་རིགས་ཤིག་རྒྱ་ནག་ཏུ་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཉམས་ཞིབ་ཆེད་ཕེབས་རྒྱུ།

༄༅༎ཇར་མན་གཞུང་གི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་དཔོན་རིགས་ཤིག་ རེས་གཟའ་མིག་དམར་ནས་འགོ་བཙུགས་སྟེ་ ཉིན་གྲངས་བཞིའི་རིང་རྒྱ་ནག་ཏུ་ རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཉམས་ཞིབ་ཆེད་འཚམས་གཟིགས་གནང་རྒྱུ་ཡིན་པ་ཇར་མན་ཕྱི་སྲིད་བློན་ཆེན་གྱིས་གསལ་བསྒྲགས་བྱས་འདུག

ཇར་མན་གྱི་འགྲོ་བ་མིའི་ཐོབ་ཐང་བློན་ཆེན་སྐུ་ཞབས་ གུན་ཏར་ནུཀ་ མཆོག་ རྒྱ་ནག་ཏུ་ཇར་མན་ཨོ་ལིམ་པིག་མཐུན་ཚོགས་ནས་གདན་འདྲེན་ཞུས་པ་ཞིག་ཡིན་འདུག་པ་དང་ ཁོང་ནས་ རྒྱ་ནག་ནང་གི་ཡེ་ཤུའི་ཆོས་པ་དང་ གསར་འགོད་པ་ དེ་བཞིན་སྤྱི་ཚོགས་ནང་གི་མི་འདྲ་མིན་དང་ཐུགས་འཕྲད་གནང་རྒྱུ་ཡིན་འདུག

ཇར་མན་ཕྱི་སྲིད་བློན་ཆེན་གྱིས་སྤེལ་བའི་གསལ་བསྒྲགས་དེའི་ནང་ སྐུ་ཞབས་གུན་ཏར་ནུཀ་རྒྱ་ནག་ཏུ་ཕེབས་དོན་གཙོ་བོ་ནི་ ཨོ་ལིམ་པིག་གི་རྩེད་འགྲན་མ་ཚུགས་གོང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྤྱི་དང་ ལྷག་པར་དུ་ཨོ་ལིམ་པིག་དང་འབྲེལ་ཡོད་ཀྱི་ཐོག་ནས་རྒྱ་ནག་ནང་གི་སྤྱིར་བཏང་གི་གནས་སྟངས་སོགས་ཀྱི་ཐད་ཉམས་ཞིབ་གནང་རྒྱུའི་ཆེད་ཡིན་པ་འགྲེལ་བརྗོད་གནང་འདུག

པེ་ཅིང་གི་ཨོ་ལིམ་པིག་དེ་ ཕྱི་ཟླ་བརྒྱད་པའི་ཚེས་བརྒྱད་ཀྱི་དགོང་དྲོའི་ཆུ་ཚོད་བརྒྱད་དང་སྐར་ཆ་བརྒྱད་ཀྱི་ཐོག་སྒོ་དབྱེ་བྱ་རྒྱུ་ཡིན་ཞིང་ ཕྱི་ཟླ་བརྒྱད་པའི་ཚེས་ ༢༤ བར་རྩེད་འགྲན་ཚུགས་རྒྱུ་ཡིན་པ་དང་ འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཅན་གྱི་ཚོགས་པ་དང་ དེ་བཞིན་མི་མང་པོ་ཞིག་གིས་ ཨོ་ལིམ་པིག་གི་དུས་སྐབས་འདི་ནི་རྒྱ་ནག་གཞུང་ལ་གནད་དོན་མང་པོ་ཞིག་གི་ཐོག་དང་ ལྷག་པར་དུ་བོད་དོན་འབྲེལ་བའི་གནད་དོན་ཐད་གནོན་ཤུགས་སྤྲོད་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org