ཇར་མན་གྱི་གྲོས་ཚོགས་འཐུས་མི་བོད་ནང་ལྟ་སྐོར་ཕེབས་སྐོར།
ཇར་མན་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་ཞིག་སྲུང་བྱ་དམ་པོའི་འོག་བོད་ཀྱི་རྒྱལ་ས་ལྷ་སར་དུས་ཡུན་ཉིན་གྲངས་གསུམ་རིང་བཞུགས་ཡོད་འདུག
-
2009-04-20 -
-
-
༄༅༎ཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་འཐུས་མི་བཞི་ལས་གྲུབ་པའི་སྐུ་ཚབ་ཚོགས་པ་ཞིག་ཉེ་ཆར་བོད་ནང་ལྟ་སྐོར་དུ་བསྐྱོད་རྒྱུར་རྒྱ་ནག་གཞུང་གིས་ཁས་ལེན་བྱུང་ནས་རྒྱ་ནག་གཞུང་གི་འབྲེལ་ཡོད་དཔོན་རིགས་ཀྱི་སྲུང་བྱ་དམ་པོའི་འོག་བོད་ཀྱི་རྒྱལ་ས་ལྷ་སར་དུས་ཡུན་ཉིན་གྲངས་གསུམ་རིང་བཞུགས་ཡོད་པའི་སྐོར་དེ་རིང་གནས་ཚུལ་ཕྱིར་བསྒྲགས་གནང་འདུག
ཇར་མན་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་དེའི་ཚོགས་གཙོ་ཧོལ་གར་ཧའེ་སྦཀ་ཡིས་གསུང་ན་སྐུ་ཚབ་ཚོགས་པའི་ཚོགས་མི་ཚོས་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་དཔོན་རིགས་ཚོར་གནད་དོན་མང་པོ་ཞིག་གི་ཐོག་སྐད་ཆ་འདྲིས་ཡོད་ན་ཡང་ལན་འདེབས་གང་ཡང་བྱུང་མེད་པའི་ཁར་བོད་ནང་གི་རྒྱ་ནག་གི་དཔོན་རིགས་ཚོས་ཇར་མན་གྱི་སྐུ་ཚབ་ཚོགས་པར་བོད་ནང་རྙོག་དྲ་གང་ཡང་མེད་པར་རྒྱུན་ལྡན་ཞིག་ཡིན་པའི་གནས་སྟངས་བཏོན་ཐབས་ཀྱི་འབད་བརྩོན་བྱེད་ཀྱི་ཡོད་པའི་གཟིགས་ཚུལ་གསུང་གནང་ཡོད་པ་དང་དེ་བཞིན་ཁོང་གིས་རྒྱ་ནག་གཞུང་ཕྱོགས་རྐྱང་པའི་འདོད་ཚུལ་བཞིན་བོད་ནང་ལྟ་སྐོར་དུ་བསྐྱོད་རྒྱུ་དེ་ནི་དངངས་སྐྲག་སྐྱེས་དགོས་པ་ཞིག་ཡིན་པ་དང་ཁོང་རྣམ་པ་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཉིན་གྲངས་གསུམ་རིང་བཞུགས་པའི་སྐབས་བཙོན་ཁང་ནང་ཕེབས་རྒྱུའི་དགོས་འདུན་བཏོན་ཡོད་ན་ཡང་ཁས་ལེན་མ་བྱས་པར་བཙོན་ཁང་དུ་གཟིགས་པར་ཕེབས་ཐུབ་མེད་ཅིང་སྐུ་ཚབ་རྣམ་པ་ཚོས་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་རྒྱ་ནག་གི་དམག་མི་འཕོན་ཆེ་འགྲེམས་འཇོག་བྱས་པ་གང་སར་མཐོང་རྒྱུ་ཡོད་པ་གསུང་འདུག་ལ་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་སྐུ་ཚབ་ཚོགས་པའི་ཚོགས་མི་ཚོར་དགེ་འདུན་པ་ཡོངས་རྫོགས་རང་མོས་ཐོག་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་དོན་ཁག་ནང་བཞུགས་ཀྱི་ཡོད་པའི་སྐོར་བཤད་ཡོད་པ་དང་ཡིན་ནའི་དགེ་འདུན་པ་ཞིག་གིས་སྐུ་ཚབ་ཚོགས་པའི་ཚོགས་མི་ཚོར་དགེ་འདུན་པ་ཚོ་བཙན་སྐུལ་འོག་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་དོན་ནང་བཞུགས་དགོས་ཀྱི་ཡོད་པའི་སྐོར་འགྲེལ་བརྗོད་གནང་བ་གསུང་བཞག ན་ནིང་བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་མང་པོའི་ནང་བོད་མི་ཚོས་རྒྱ་ནག་གཞུང་གིས་དབང་བསྒྱུར་ལ་ཞི་བའི་ངོི་རྒོལ་གྱི་ལས་འགུལ་སྤེལ་བའི་རྗེས་ད་རེས་ཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་སྐུ་ཚབ་བོད་ནང་ཕེབས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།