རྒྱ་གར་དང་ཨ་རིའི་བར་གནམ་གཤིས་འགྱུར་ལྡོག་སྐོར་གྲོས་མོལ།
2009.07.23
༄༅༎རྒྱ་གར་དང་ཨ་རི་གཉིས་དབར་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་སྐོར་གྲོས་མོལ་གནང་ཡང་དམིགས་བསལ་དོན་འབྲས་སོན་པ་ཞིག་བྱུང་མེད་པའི་གནས་ཚུལ་ཐོན་འདུག
ཉེ་ཆར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་རྒྱ་གར་ལ་ཕེབས་པའི་དུས་ཚོད་དང་བསྟུན་ཨ་རིའི་གནམ་གཤིས་འགྱུར་ལྡོག་ལས་དོན་ཚན་པའི་སྐུ་ཚབ་ཀྲོདྲ་ས་ཀྲན་མཆོག་ཀྱང་འཚམས་འདྲིར་ཕེབས་ཡོད་པ་རེད་ལ་ཡུལ་གཉིས་དབར་གནམ་གཤིས་དང་མཁའ་རླུང་གཙང་མ་བཟོ་རྒྱུའི་གནད་དོན་སོགས་ཀྱི་ཐོག་གྲོས་མོལ་གནང་ཡོད་འདུག འོན་ཀྱང་གནད་དོན་དེའི་ཐོག་དབྱེ་ཞིབ་གནང་མཁན་ཞིག་གིས་རོའུ་ཀྲར་གསར་འགྱུར་ལས་ཁང་ལ་གསུངས་པར་ལྟར་ན་འབྲེལ་ཡོད་དཔོན་རིགས་ཚོའི་དབར་གྲོས་བསྡུར་གནང་ཡང་དམིགས་བསལ་ཐག་གཅོད་ཆེ་བའི་རིགས་གྲོས་མཐུན་བྱུང་མེད་པ་རེད།
དེ་དང་ཕྱོགས་མཚུངས་གནད་དོན་དབྱེ་ཞིབ་པ་དེས་གསུངས་ཡག་ལ་ཐེངས་འདིའི་དཔོན་རིགས་རྣམ་གཉིས་ཀྱི་འབྲེལ་བའི་བརྒྱུད་རིམ་ནས་ལས་དོན་སྤེལ་ཕྱོགས་ཐོག་གྲོས་མཐུན་དམིགས་བསལ་གང་ཡང་བྱུང་མེད་ཀྱང་གནམ་གཤིས་འགྱུར་ལྡོག་དང་མཁའ་རླུང་གཙང་བཟོའི་ལས་དོན་ཆེད་དགོས་ངེས་ཀྱི་འཕྲུལ་རིག་བེད་སྤྱོད་གཏོང་རྒྱུ་དང་ཡར་རྒྱས་གཏོང་ཕྱོགས་སོགས་ཀྱི་ཐོག་ཕན་ཚུན་མཐུན་འགྱུར་བྱེད་རྒྱུའི་གྲོས་འཆམ་བྱུང་ཡོད་པ་ནི་བཟང་ཕྱོགས་ཀྱི་གྲུབ་འབྲས་ཤིག་རེད་ཅེས་གསུངས་འདུག ལྷག་པར་དུ་རྒྱ་གར་དང་ཨ་རི་གཉིས་དབར་ད་རེས་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཐོག་གྲོས་མོལ་ལྷུག་པོ་བྱུང་བ་དེས་རྒྱལ་སྤྱིའི་ཐོག་གྲོས་བསྡུར་བྱེད་པའི་སྐབས་སུ་ཕན་ཐོགས་ཡོང་རྒྱུ་ཡིན་པའི་དཔྱད་ཞིབ་བྱེད་ཀྱི་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།