༸གོང་ས་མཆོག་ནས་སྨན་ཁང་དབུ་འབྱེད་གནང་བ།
2012.07.04
༄༅༎དེ་རིང་ཕྱི་ཚེས་ ༤ རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ཧི་མཱ་ཅལ་མངའ་སྡེའི་ཀང་ར་རྫོང་དུ་ཕོར་ཊི་སི་སྨན་ཁང་་གསར་པ་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་ཀའ་དྲིན་ཆེ་གནང་མཛད་པ་དང་ཆབས་གཅིག་༸གོང་ས་མཆོག་གིས་བཀའ་སློབ་གནང་འདུག
མགོན་པོ་གང་ཉིད་རྒྱ་གར་ལ་༸ཞབས་སོར་འཁོད་ནས་ལོ་ངོ་ ༥༢ ལྷག་ཕྱིན་པའི་དུས་རིང་འདིར་ཡར་རྒྱས་ཧ་ཅང་ཆེན་པོ་ཕྱིན་ཡོད་པ་དང། མེཀ་ལོར་གན་ཇིར་ཐོག་མར་ཕེབས་འབྱོར་སྐབས་ཚོང་ཁང་གཉིས་ལས་མེད་པ། ད་ཆ་ཤེས་ཡོན་དང་འཕྲོད་བསྟེན་སོགས་ཡར་རྒྱས་ཧ་ཅང་ཕྱིན་ཡོད་སྐོར་བཀའ་གནང་སྟེ། ད་དུང་ཡར་རྒྱས་ཀྱི་རྣམ་པ་ཇེ་ཆེར་འགྲོ་བཞིན་པ་ནི་བློ་སྤོབས་སྐྱེ་གཞི་ཞིག་ཡིན་པ་མ་ཚད། སྨན་ཁང་གསར་པ་འདིར་སྙིང་གཤག་བཅོས་བྱེད་རྒྱུའི་
ཆ་རྐྱེན་ཡོད་པ་དེ་དག་ཧ་ཅང་ཡག་པོ་ཡིན་པའི་བསྔགས་བརྗོད་གནང་འདུག
སྤྱིར་ཕོར་ཊིས་ཧེལཐ་ཀེར་ལི་མི་ཊི་ཌི་ ( Fortis Health care Limited)ཞེས་པ་འདི་རྒྱ་གར་རྒྱལ་ཡོངས་ནང་ཡོངས་གྲགས་ཆེ་བའི་སྨན་བཅོས་ཁེ་ལས་ཁང་ཞིག་ཡིན་པ་དང་སྨན་བཅོས་ཁང་དེའི་ཡན་ལགས་རྒྱ་གར་ས་ཁུལ་འདྲ་མིན་ནང་བཙུགས་ཟིན་ཡོད་ནའང། ཧི་མཱ་ཅལ་མངའ་སྡེའི་ནང་ཡན་ལག་སྨན་ཁང་བཙུགས་པ་ད་རེས་ཐོག་མ་དེ་ཆགས་འདུག་ལ། ཡན་ལག་སྨན་ཁང་འདིའི་ནང་ནད་པའི་ཉལ་ཁྲི་ ༩༥ ཡོད་པ་དང་གཤག་བཅོས་བྱེད་སའི་ཁང་པ་གསུམ། ཛ་དྲག་ནད་གཞི་བརྟག་དཔྱད་ཁང་ (ICU) འགའ་ཤས་ཡོད་པ་དང། དེ་བཞིན་སྐྱེ་མ་ཐག་པའི་ཕྲུ་གུ་མ་འབྱར་ལ་སྨན་བཅོས་ཆེད་སྨན་བཅོས་ཁང་ནང་(Neonatal ICU) ཉལ་ཁྲི་ ༥ ཡོད་པ་རེད།།