བོད་ཀྱི་གནས་སྟངས་ངོ་སྤྲོད།
2013.03.06

༄༅༎བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་ནས་སུད་སིའི་གྲོང་ཁྱེར་ཇེ་ནི་ཝར་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཆོས་དད་རང་དབང་སྲུང་སྐྱོབ་ཚོགས་ཆུང་གི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ Heiner Bielefeldr དང་མཇལ་འཕྲད་གནང་སྟེ་བོད་ཀྱི་གནས་སྟངས་སྤྱི་དང་ལྷག་པར་དུ་རྔ་བ་ཀིརྟིའི་ས་ཁུལ་སོགས་ཀྱི་ནང་བོད་མིས་རང་ལུས་མེར་སྲེག་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་དང་ཆོས་དད་རང་དབང་སོགས་ཀྱི་སྐོར་གསལ་བཤད་གནང་ཡོད་པ་རེད།
བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་བོད་ནང་བོད་མི་ ༡༠༧ གྱིས་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་སྲེག་བཏང་པ་དང། རྒྱ་ནག་གཞུང་གིས་དེའི་ཡ་ལན་དུ་ད་དུང་ཀིརྟི་སོགས་ཀྱི་ས་ཁུལ་ཁག་གི་ནང་དམ་བསྒྲགས་དང་གདུག་རྩུབ་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་སོགས་འགྲེལ་བརྗོད་གནང་པ་དང་ཆབས་ཅིག ཕྱི་ལོ་ ༢༠༠༨ ལོར་རྔ་བའི་མང་ཚོགས་ནས་རྒྱ་ནག་གིས་བོད་མིའི་ཐོག་བཟུང་བའི་སྲིད་བྱུས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་སྐབས་རྒྱ་མིའི་དམག་མིས་མེ་མདའ་བརྒྱབ་སྟེ་ས་ཁུལ་དེའི་ནང་གི་བོད་མི་ ༢༨ དམར་བསད་བཏང་ཡོད་པ་གསལ་བཤད་གནང་པ་དང། དེ་ནས་བཟུང་ཀིརྟི་དགོན་པ་འདི་བཞིན་བཙོན་ཁང་ལྟ་བུ་ཆགས་ཡོད་པར་མ་ཟད། ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་རྒྱ་མིའི་དབང་འཛིན་པས་ཀིརྟི་དགོན་པའི་དགེ་འདུན་པ་ ༣༠༠ ཙམ་དགོན་པ་ནས་ཕྱིར་འབུད་བྱས་ཡོད་པ་སོགས་འགྲེལ་བརྗོད་གནང་ཡོད་པ་རེད། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཆོས་དད་རང་དབང་ཐད་ཀྱི་དམིགས་བསལ་སྐུ་ཚབ་ Heiner Bielefldr གྱིས་ནན་པོ་གསན་འཇོག་གནང་རྗེས་ཁོང་གིས་ཀིརྟི་རིན་པོ་ཆེར། བོད་ནང་བོད་མི་ཆེས་མང་པོ་ཞིག་གིས་རང་ལུས་མེར་སྲེག་བཏང་བ་དེས་བོད་ནང་ཛ་དྲག་གི་གནས་སྟངས་ཇི་ཙམ་ཡོད་མེད་མངོན་ཐུབ་པ་ཞིག་རེད་ཅེས་དང། དེར་བརྟེན་ཁོང་གི་ངོས་ནས་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པར་ཡིག་ཐོག་བརྒྱུད་བོད་མི་ཚོས་རང་ལུས་མེར་སྲེག་གཏོང་བཞིན་པའི་གནད་དོན་ཐད་ཐུགས་འཚབ་ལུགས་གསལ་པོར་གསུངས་པ་ཡིན་ཞེས་འགྲེལ་བརྗོད་གནང་པ་དང་ཆབས་གཅིག འདི་ལོ་ཕྱི་ཟླ་ ༣ ཚེས་ ༥ ནས་བཟུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆེན་ཐེངས་ ༢༢ པ་འདིའི་ཐོག་བོད་མིས་རང་ལུས་མེར་སྲེག་གཏོང་པའི་གནད་དོན་གསལ་བཤད་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་རེད། བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་འདས་པའི་ལོ་ངོ་༦༠་རིང་རྒྱ་ནག་དམར་པོའི་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང། སྐད་ཡིག་དང་ཁོར་ཡུག་སོགས་ལ་གཏོར་བཤིག་ཚབས་ཆེ་དང། བོད་མི་ཚོའི་ཐོག་དམ་བསྒྲགས་ཧ་ཅང་ཆེན་པོ་བྱེད་བཞིན་པའི་སྐོར་གསལ་བཏོན་གནང་ཡོད་པ་རེད།།