འབར་ཁམས་སུ་བོད་མི་ཞིག་གིས་མེར་བསྲེཊ།
2012.07.17
༄༅༎དེ་རིང་རྔ་པ་ཁུལ་འབར་ཁམས་རྫོང་རྒྱ་རོང་ཚོ་བདུན་ཀིརྟི་དགོན་པའི་གྲྭ་པ་ཞིག་གིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ་སྐུ་གྲོངས་འདུག
བཞུགས་སྒར་ཀིརྟི་བྱེས་བ་གྲྭ་ཚང་གི་བོད་ནས་འབྲེལ་མཐུད་ཀ་ཉག་ཚེ་རིང་དང་བློ་བཟང་ཡེ་ཤེས་གཉིས་ཀྱི་འདི་གར་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན།དེ་རིང་ཕྱི་ཚེས་ ༡༧ ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡༢ ཡོལ་ཙམ་ལ་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་འབར་ཁམས་རྫོང་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་རང་ལོ་ ༡༨ ཡིན་པའི་གྲྭ་བློ་བཟང་བློ་འཛིན་ལགས་ཀྱིས། ཚོ་བདུན་ཀིརྟི་དགོན་པའི་གླིང་དཀྱིལ་གྱི་འདུ་ཁང་མདུན་ནས་རང་ལུས་མེར་སྲེག་བཏང་སྟེ་ས་གནས་ཞང་སྲིད་གཞུང་ཕྱོགས་སུ་གོམ་བགྲོད་ཀྱིས་ཕེབས་ཡོད་ཅིང་། ཅུང་ཙམ་ནས་ལུས་ཀྱི་མེ་ཤུགས་ཆེ་རུ་སོང་སྟབས་ས་ལ་འགྱེལ་ནས་འབར་མེ་དྲག་པོའི་ཀློང་དུ་སྐུ་གྲོངས་ཡོད་འདུག མེ་སྒྲོན་པ་དང་མཉམ་དུ་སྐད་འབོད་མང་པོ་ཞིག་བྱས་ཡོད་ཀྱང་བརྗོད་ཚིག་གང་ཡིན་གསལ་བོ་ཤེས་རྟོགས་ཐུབ་མེད།
གནས་ཚུལ་དེ་བྱུང་རྗེས་གྲྭ་པ་རྣམས་ཀྱིས་སྐུ་ཕུང་གཙང་ཉར་བྱས་ཏེ། ཀུན་རིག་རྣམ་པར་སྣང་མཛད་ཀྱི་སྒོ་ནས་རྗེས་འཇུག་གི་ཆོ་ག་བསྒྲུབས་དང་སྒྲུབ་མུས་ཡིན་ཞིང་།གྲྭ་པ་རྣམས་ཀྱིས་དོ་དགོང་མཚན་ལ་སྐུ་ཕུང་ཞུགས་འབུལ་བྱེད་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་འདུག དེ་རྗེས་འབར་ཁམས་རྫོང་ནས་དྲག་ཆས་ཉེན་རྟོག་པ་སོགས་མང་པོ་ཞིག་ཚོ་བདུན་ཀིརྟི་ད གོན་པའི་ཕྱོགས་སུ་ཡོང་གི་ཡོད་ཀྱང་ཚོ་བདུན་མི་མང་གིས་ཚོ་བདུན་ཟམ་ཁ་ནས་བཀག་འགོག་བྱེད་རྒྱུའི་གྲ་སྒྲིག་བྱས་ནས་ཡོད་འདུག་པས་ཉེན་རྟོག་པ་དང་མི་མང་གདོང་ཐུག་གིས་ཛ་དྲག་གི་གནས་ཚུལ་ཡོང་ཉེན་ཡོད་འདུག།