དབང་ཆེན་ནོར་བུ་སྐུ་གྲོངས་འདུག
2012.11.19
གནས་ཚུལ་རྩད་ཞིབ་པ་ཨ་འཇམ་གྱིས་སྤེལ་དོན།
༄༅༎སྤྱི་ལོ་༢༠༡༢ ལོའི་ཟླ༡༡ ཚེས༡༩ ཉིན་དགོང་མོའི་བོད་ནང་གི་ཆུ་ཚོད༨ དུ་མདོ་སྨད་མཚོ་ཤར་ཁུལ་ཡ་རྫི་རྫོང་རྐང་ཚ་བོད་རིགས་རང་སྐྱོང་ཞང་རྐང་ཚ་སྡེ་བའི་རུ་ཁག་དང་པོ་རྒྱལ་གཅེས་དཔའ་བོ་དབང་ཆེན་ནོར་བུ་ཡིས་རྒྱ་གཞུང་གི་བཙན་གནོན་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེ་སྲེག་གིས་སྐུ་གྲོངས་པའི་གནས་ཚུལ་བྱུང་འདུག
རྒྱལ་གཅེས་པའི་ཁོང་གི་ཕ་མིང་ལ་བསྟན་འཛིན་དང་མ་མིང་ལ་མཁའ་འགྲོ་མཚོ་ཞེས་ཟེར་ལ། ཕ་འདས་ཟིན་པ་དང་རྒྱལ་གཅེས་དཔའ་བོ་དབང་ཆེན་ནོར་བུ་ཁོང་ནི་ད་ལྟ་རང་ལོ༢༥ ཡིན་པ་དང་། དེ་རིང་ཚེས་༡༩ དགོང་མོར་རྐང་ཚ་དགོན་དགའ་ལྡན་ཆོས་འཕེལ་གླིང་གི་དགོན་འདབས་སུ་མེ་རྒོལ་གྱི་ལས་འགུལ་སྤེལ་ཏེ། ཁོང་གིས་རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ཡུལ་དུ་ཕེབས་དགོས་པ་དང་། པཎ་ཆེན་རིན་པོ་ཆེ་བཙོན་གྲོལ་གཏོང་དགོས་པ། བོད་མི་ལ་རང་དབང་དགོས་ཞེས་སྐད་འབོད་ཀྱིས་སྐུ་གྲོངས་ཟིན་པ་དང་། ད་ལྟ་ང་ཚོའི་ལག་ཏུ་ཡོད་པའི་པར་རིས་འདི་ནི་དཔའ་བོའི་གང་ཉིད་དེ་རིང་ཆེད་དུ་རེབ་གོང་ལ་ཕྱིན་ཏེ་པོ་ཏཱ་ལའི་པར་རིས་ཀྱི་མདུན་ནས་བསྒྲོན་པའི་མཐའ་མའི་དྲན་རྟེན་གྱི་སྐུ་པར་རེད། དེ་ལྟར་སྐུ་ཕུང་དགོན་པར་གདན་ཞུ་བྱས་ཏེ་དགོན་གྲོངས་གཉིས་ཀྱི་མི་མང་ཡོད་ཚད་འཛོམས་ཏེ། ཁ་བཏགས་བསྒྲོན་པ་དང་བསྔོ་སྨོན་གསུངས་པར་མ་ཟད། ད་ལྟ་དམག་མི་མང་པོ་འཕྲོ་རིམ་འཕྲོར་འབྱོར་བཞིན་པའི་གནས་ཚུལ་ཛ་དྲག་གི་སྐབས་སུ་མཆིས།
བོད་ནང་གི་དགོང་མོའི་ཆུ་ཚོད༡༠ དང་སྐར༣༠ ལ་དགོན་གྲོང་གཉིས་ཀ་འཛོམས་ཏེ་དཔའ་བོའི་སྐུ་གདུང་རྐང་ཚ་དགོན་པའི་མདུན་ཐད་ཀྱི་དུར་ཁྲོད་དུ་སྦྱིན་སྲེག་བྱེད་བཞིན་མཆིས་ལ། ཁོང་ཚོས་སྐད་ཤུགས་ཆེན་པོས་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག་ཅེས་གསུངས་པའི་གདངས་དབྱངས་དང་ཀི་འབོད་ཀྱང་ཕྱི་རོལ་གྱི་བརྒྱུད་ལམ་ནས་གསལ་ལྷང་ལྷང་ཐོས་ཐུབ་པས་བཟོད་བླག་བྲལ་བའི་ཚོར་བ་ཞིག་ཀྱང་སྟེར་གྱི་འདུག ད་ལྟ་མུ་མཐུད་དུ་སྡེ་གྲོང་གཉིས་ཀྱིས་བསྔོ་སྨོན་གདངས་ཤུགས་ཀྱིས་གསུང་བཞིན་དུར་ཁྲོད་དུ་མཆིས།
ཉེ་ཆར་ཟླ་འདིའི་ཚེས༨ ལ་རྐང་ཚ་དགོན་དགའ་ལྡན་ཆོས་འཕེལ་གླིང་གི་དགེ་འདུན་པ་རྣམས་པ་དང་སྐྱ་སེར་མཉམ་འཛོམས་ཀྱི་བོད་ཀྱི་དཔའ་བོ་དཔའ་མོ་དག་གི་ཕྱིར་དུ་བསྔོ་སྨོན་གསུངས་པ་དང་སྟོང་མཆོད་འབུལ་བ། རྒྱལ་བའི་ཞབས་བརྟན་གསོག་སྒྲུབ་ཀྱི་ལས་འགུལ་རྒྱ་ཆེར་སྤེལ་མྱོང་༎