རྒྱ་ནག་གིས་བོད་ཐོག་སྲིད་ཇུས་གུ་ཡངས།
2013.11.18
རྒྱ་ནག་གིས་བོད་ཀྱི་གནད་དོན་ཐོག་ཕྲན་བུའི་སྲིད་ཇུས་གུ་ཡངས་སུ་བཏང་གི་ཡོད་པའི་ཐུགས་ཚོར་བྱུང་བ་༧གོང་ས་མཆོག་གིས་གསུངས་འདུག
དེ་ཡང་༧གོང་ས་མཆོག་གིས་ཉི་ཧོང་གི་Kyodoགསར་ལས་ཁང་གི་བཅར་འདྲིའི་སྐབས་གསུངས་དོན། དེང་སྐབས་རྒྱ་ནག་གི་ཤེས་ཡོན་ཅན་དང་། རྒན་ཡོལ་ཟིན་པའི་གཞུང་ཞབས་ལས་བྱེད། རྩོམ་པ་པོ་སོགས་ཤེས་ཡོན་པ་མང་པོས་བོད་དོན་ཐད་ལམ་དབུ་མའི་སྲིད་བྱུས་ལ་རྒྱབ་སྐྱོར་ཆེ་རུ་འགྲོ་གི་ཡོད་པ་དང་། རྒྱ་ནག་ནང་བོད་ཀྱི་གནད་དོན་ཐོག་སྲིད་བྱུས་མཁྲེགས་པོ་འཛིན་མཁན་གྱི་ཤོག་ཁག་དེ་ཟུར་དུ་བུད་པ་དང་། དེ་བཞིན་རྒྱ་ནག་གི་ཤེས་ཡོན་ཅན་དང་། རྒན་ཡོལ་ཟིན་པའི་གཞུང་ཞབས་ལས་བྱེད། རྩོམ་པ་པོ་སོགས་ཤེས་ཡོན་པ་མང་པོས་ལྟ་བ་མཁྲེགས་འཛིན་མཁན་རྣམས་ལ་རྒྱོབ་སྐྱོར་བྱེད་ཀྱི་མེད་པ་དང་། རྒྱ་ནག་གི་དབུ་ཁྲིད་རྣམས་ཀྱིས་ཀྱང་བོད་ཀྱི་གནད་དོན་ཐོག་ཕྲན་བུའི་གུ་ཡངས་སུ་གཏོང་གི་ཡོད་པའི་ཐུགས་ཚོར་བྱུང་བ་གསུངས་འདུག
ད་དུང་༧གོང་ས་མཆོག་གིས་ཁོང་ཚོས་ལྟ་སྤྱོད་མཁྲེགས་པོ་འཛིན་མཁན་ཚོའི་སྲིད་བྱུས་ལག་བསྟར་དེས་ཕུག་རྒྱང་རིང་པོར་ཡག་པོ་ཡོང་རྒྱུ་མིན་པ་ཚོར་གྱི་ཡོད་པར་བརྟེན་གནད་དོན་ཐོག་འགྱུར་བ་ཐེབས་བཞིན་ཡོད་པ་རེད་ཅེས་དང་། དེ་བཞིན་བོད་ནང་བོད་མི་མང་པོས་རང་ལུས་མེར་བསྲེག་བཏང་བའི་གནད་དོན་དེ་རྒྱ་ནག་གིས་རྒྱུ་མཚན་གསལ་བོ་ཞིབ་འཇུག་གནང་དགོས་པ་ལས་གཞན་ལ་ཁག་དཀྲི་བྱེད་རྒྱུ་མེད་པ་སོགས་གསུངས་འདུག
དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་དོན། རྒྱ་ནག་གིས་བོད་ཐོག་མཁྲེགས་འཛིན་ཅན་གྱི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་བ་ནན་སྐུལ་གནང་པ་རེད།