༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དུ་ཞབས་སོར་འཁོད་པ།
2014.04.06

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དུ་ཉིན་གྲངས་བཅུ་གཉིས་རིང་མཛད་འཆར་དུ་མ་ཞིག་བསྐྱངས་ཆེད་དེ་རིང་རེས་གཟའ་ཉི་མའི་སྔ་དྲོ་ཉི་ཧོང་དུ་ཞབས་སོར་བདེ་བར་འཁོད་བཞག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་གི་Narita གནམ་ཐང་དུ་ཞབས་སོར་འཁོད་སྐབས་སྐུ་ཚབ་དོན་གཅོད་ལྷག་པ་ཚོ་ཀོ་ལགས་ཀྱི་གཙོས་པའི་དོན་གཅོད་ལས་ཁང་གི་ལས་བྱེད་རྣམ་པ་དང་།Shintoཆོས་ཚོགས་ཀྱི་སྐུ་ཚབ་སོགས་ཀྱི་ཕེབས་བསུ་ཞུས་བཞག སྐུ་ཚབ་དོན་གཅོད་ལྷག་པ་ལགས་ཀྱིས་བོད་ཀྱི་དྲ་བརྙན་ལ་གསུང་པར་གཞིགས་ན།ཉི་ཧོང་ནང་གི་ཚོགས་པ་གསུམ་གྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ ད་ལན་ཉི་ཧོང་དུ་ཞབས་སོར་འཁོད་པ་ཞིག་ཡིན་པ་དང་།དེ་བཞིན་༸གོང་ས་མཆོག་ཉི་ཧོང་དུ་ཕེབས་དགོས་དོན་གཞན་ཞིག་ནི་ཕྱི་ལོ་༢༠༡༡ལོར་ས་ཡོམ་དང་།Tsunamiཞེས་པའི་རྒྱ་མཚོའི་རྦ་རླབས་ཀྱིས་འབྱུང་བའི་གོད་ཆགས།དེ་བཞིན་རྡུལ་ཕྲན་ཀྱིས་རྐྱེན་པས་ཉི་ཧོང་ནང་མི་ཤི་སྐྱོན་ཆགས་ཤུགས་ཆེ་བྱུང་ནས་ མི་མང་མང་པོ་ཞིག་དལྟའང་སེམས་ནང་དཀའ་ངལ་ཆེན་པོ་ཡོད་བཞིན་པ་དེ་དག་ལ་ ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་སུ་ཕེབས་པ་ཞིག་ཡིན་ལུགས་གསུང་བཞག སང་ཉིན་ཕྱི་ཟླ་༤་ཚེས་༧ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་རྒྱལ་ས་Tokyoཚོགས་ཁང་ཞིག་ནང་ཆོས་ལུགས་དང་མ་འབྲེལ་བའི་ཡ་རབས་བཟང་སྤྱོད་ལྡན་པའི་མི་ཚེ་བསྐྱེལ་ཕྱོགས་ཅེས་པའི་བརྗོད་གཞིའི་ སྒོ་ནས་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་དང་།ཚེས་༩ཉིན་ ཉི་ཧོིང་གི་Seifu Gaken ཞེས་པའི་བུའི་གཞི་རིམ་སློབ་གྲ་ཞིག་ནང་ཞབས་སོར་འཁོད་དེ་ སློབ་ཕྲུག་་ཚོར་མང་ཚོགས་ནས་གཞོན་སྐྱེས་ཚོར་རེ་བ་ག་རེ་བྱེད་ཀྱི་ཡོད་མེད་ཀྱི་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྒྱུ་ཡིན་འདུག ཡང་ཕྱི་ཚེས་༡༡ནས་༡༢་བར་ཉིན་གྲངས་གཉིས་རིང་ཉི་ཧོང་གི་ཀྱོ་ཏོ་གྲོང་ཁྱེར་ནང་ཡོད་པའི་ཀྱོ་ཏོ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཞིབ་འཇུག་སྡེ་ཚན་དང་སེམས་དང་སྲོག་ལྟེ་གནས་ཁང་ཐོུང་གི་གོ་བསྒྲིགས་ཞུས་པའི་སེམས་ཀྱི་བཀོད་པ་ཞེས་པའི་བརྗོད་གཞིའི་ཐོག་ཚན་རིག་པ་གྲགས་ཅན་ཁག་གཅིག་དང་ལྷན་དུ་བགྲོ་གླེང་གནང་རྒྱུ་སོགས་ཉི་ཧོང་ནང་མཛད་འཆར་དུ་མ་ཞིག་སྐྱོང་འཆར་ཡོད་འདུག།