༸གོང་ས་མཆོག་ནི་ཧ་མ་གྲོང་དུ་ཞབས་སོར་འཁོད།
2010.11.09

༄༅༎བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ ཕྱི་ཟླ་ ༡༡ ཚེས་ ༩གཟའ་མིག་དམར་ཉིན་ཉེ་ཧོང་གི་ལྷོ་ཕྱོགས་ཤི་ཀོ་ཀུ་མཚོ་གླིང་དུ་ཆགས་པའི་ནཱི་ཧ་མ་གྲོང་ཁྱེར་དུ་འཐད་འཕུར་གནམ་གྲུ་བརྒྱུད་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་ཅིང་གསར་འགོད་པ་ཚོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐུ་ཉིད་མཚོ་གླིང་གི་གྲོང་ཁྱེར་དེར་ཆིབས་བསྒྱུར་སྐྱོང་གནང་ཐུབ་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་པ་དང་ཆིབས་བསྒྱུར་གོ་བསྒྲིགས་ཚོགས་ཆུང་ལ་ཐུགས་རྗེ་ཆེ་ཞེས་གསུངས་གནང་ཡོད་པ་རེད།
མཚོ་གླིང་གྲོང་ཁྱེར་ནཱི་ཧ་མའི་མཛད་འཆར་གཙོ་བོ་ནི་ཉེ་ཧོང་གི་ཀླད་ཁམས་ཚན་རིག་པ་གྲགས་ཅན་ མཁས་དབང་སྐུ་ཞབས་ Mogi Kenichiro དང་ལྷན་དུ་མས་དང་ཀླད་པའི་འབྲེལ་བའི་སྐོར་མང་ཚོགས་ཀྱི་བགྲོ་གླེང་གནང་པའི་མཛད་འཆར་དེ་ཡིན་ཞིང་ ༸གོང་ས་ཌསྐྱབས་མགོན་ཆེན་པོ་མཆོག་ནས་ ཉེ་ཧོང་གི་ཚན་རིག་པ་ཞིག་གི་ལྷན་དུ་ ནང་པའི་ཚན་རིག་དང་ལྟ་གྲུབ་སྐོར་བགྲོ་གླེང་གནང་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་གི་ཐུགས་དགྱེས་ཚོར་ཆེན་པོ་བྱུང་བ་བཀའ་གནང་ཞིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚན་རིག་པ་ཚོས་གཞི་དངོས་པོའི་གནས་ལུགས་གཏེན་ལ་བེབས་རྒྱུར་རྒྱུ་མཚན་གྱིས་དཔྱད་པར་གཙོ་བོར་བརྟེན་པ་བཞིན་ སངས་རྒྱས་ཀྱི་ཆོས་ལུགས་ནང་བདེན་པའི་གནས་ལུགས་དེ་རྒྱུ་མཚན་གྱི་དཔྱད་པ་དང་ རིག་ལམ་གྱི་ཐོག་ནས་གཏེན་ལ་བེབས་དགོས་ཀྱི་ཡོད་པ་རེད་ཅེས་བཀའ་གནང་ཡོད་པ་རེད།
ཡང་ཉེ་ཧོང་གི་ཚན་རིག་པ་གྲགས་ཅན་མཁས་དབང་སྐུ་ཞབས་མོ་གྷིས་ཁོང་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་འགའ་ཤས་ལྗགས་གློག་གནང་པ་ནས་ནང་པ་ཚོས་ཚན་རིག་གི་ཐོག་གུ་ཡངས་ཀྱི་བལྟ་ཚུལ་ཞིག་ཡོད་པ་དང་ལྷག་པར་དུ་དངོས་པོའི་གནས་ལུགས་ལ་རྟགས་དཔྱད་བྱེད་ལུགས་དེ་ཚན་རིག་པ་དང་གཅིག་མཚུངས་ཡོད་པའི་གནས་སྟངས་ཤེས་རྟོགས་བྱུང་བར་སེམས་ནང་བག་ཆགས་གཏིང་ཟབ་ཞིག་ཐོབ་ལུགས་ཞུས་པ་དང་ཁོང་གིས་ཚན་རིག་པའི་ངོས་ནས་ཀླད་པའི་རྡུལ་ཕྲ་མོ་གཅིག་གི་སྟེང་སེམས་ཁམས་ཀྱི་ངོ་བོ་གྲུབ་ཐུབ་ཐབས་མེད་པ་དང་སེམས་ཁམས་ཞེས་པ་དེ་ཀླད་པའི་རྡུལ་ཕྲན་བྱེ་བྲག་པ་མང་པོ་ཞིག་ཚོགས་པའི་སྟེང་ནས་ཡོང་དགོས་པར་ངོས་འཛིན་བྱེད་བཞིན་པ་དེ་ནི་ནང་པའི་ཆོས་ཀྱི་ནང་རྟེན་འབྲེལ་གྱི་ཆོས་ཉིད་གསུངས་པ་དེ་དང་གཅིག་པ་ཡིན་པ་རེད་ཅེས་གསུངས་འདུག།