༧གོང་ས་མཆོག་རྡ་ས་ནས་གཞན་ལ་སྤོར་འཆར་མེད།
2013.11.27
༧གོང་ས་མཆོག་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱ་གར་གྱི་ས་གནས་གཞན་དུ་གནས་སྤོར་གནང་རྩིས་མེད་པ་སྲིད་སྐྱོང་གིས་གསུངས་འདུག
དེ་ཡང་རྒྱ་གར་དུས་བབ་ཚགས་ཤོག་གིས་གནས་ཚུལ་སྤེལ་དོན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་སྲིད་སྐྱོང་ལ་རྩིས་སྤྲོད་གནང་བའི་རྗེས། ༧གོང་ས་མཆོག་མ་འོངས་རྒྱ་གར་ལྷོ་ཕྱོགས་སུ་བཞུགས་གནང་རྒྱུ་ཡིན་པའི་སྐོར་ལ་སྤྱི་ཚོགས་ཐོག་གླེང་ཕྱོགས་ཤིག་ཡོད་པ་དེ་བདེན་པ་ཡིན་མིན་སྲིད་སྐྱོང་ལ་བཀའ་འདྲི་ཞུས་སྐབས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འདས་པའི་ལོ་ངོ་ལྔ་བཅུ་ལྷག་གི་རིང་ཧི་མ་ཅལ་མངའ་སྡེ་བཞུགས་སྒར་རྡ་རམ་ས་ལར་བཞུགས་གནང་ཡོད་པ་དང་། ད་ཆ་༧གོང་ས་མཆོག་ནས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཀྱི་མེད་ན་ཡང་ཆོས་ཕྱོགས་ཀྱི་མཛད་བྲེལ་ཧ་ཅང་ཆེན་པོ་ཡོད་པ་དང་། དམིགས་བསལ་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཆོས་ལུགས་ཀྱི་མཛད་འཕྲིན་སྐྱོངས་གནང་ཆེད་ ཐེངས་མང་ཆིབས་བསྒྱུར་བསྐྱངས་གནང་དགོས་ཀྱི་ཡོད་པ་ལས་བཞུགས་སྒར་ནས་བཞུགས་གནས་སྤོར་གནང་འཆར་མེད་པ་ལན་འདེབས་གནང་ཡོད་འདུག
གསར་འགོད་པ་མཆི་མེད།