༸གོང་ས་མཆོག་ནས་གྲོང་ཁྱེར་མུམ་བྷཡི་ནང་གསུང་ཆོས་སྩོལ་བཞིན་པ།
2014.05.31

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷཡེ་ནང་མུ་འཐུད་རྒྱ་གར་གྱི་ནང་པ་གཙོ་བོར་གྱུར་བའི་དད་ལྡན་པ་རྣམས་ལ་ཆོས་འབྲེལ་གསུང་ཆོས་བསྩལ་གནང་མཛད་ཅིང་། ཕྱི་ཟླ་ ༥ ཚེས་ ༣༡ ཉིན་གྱི་སྔ་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་ཞུ་བ་ཚོར་༧གོང་ས་མཆོག་ནས་ལྗགས་རྩོམ་གནང་པའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དང་འབྲེལ་ཏེ་པཎ་ཌི་དང་གྲུབ་པའི་དབང་པོ་དེ་རྣམས་ཀྱི་ཆེ་བ་དང་བཅས་ངོ་སྤྲོད་གནང་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ད་རེས་རྒྱ་གར་གྱི་དཔལ་འབྱོར་ལྟེ་གནས་ཀྱི་གྲོང་ཁྱེར་མུམ་བྷཡི་རུ་གདན་ཞུ་ཕུལ་མཁན་གཙོ་བོ་ནི་ས་ཁུལ་དེའི་ནང་ཡོད་པའི་སོ་མེཡེ་ཡ་མཐོ་རིམ་སློབ་གྲྭ་དང་ན་ལེན་ཌ་ལྟེ་གནས་ཁང་གཉིས་ཡིན་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་དབྱིན་སྐད་དང་བོད་སྐད་ཐོག་གནང་པ་ཧིན་དྷིའི་སྐད་ནང་གསུང་བསྒྱུར་ཞུ་བཞིན་ཡོད་པ་རེད། འདས་པའི་ལོ་མང་རིང་ནས་རྒྱ་གར་གྱི་ནང་ནང་ཆོས་ལ་དད་གུས་ཞུ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུ་མདུན་ནས་རྒྱ་གར་བ་གསུང་ཆོས་ཞུ་མཁན་ལོ་རེ་ནས་ལོ་རེ་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་བོད་པ་ཚོས་བསླབ་པ་སློབ་གཉེར་དང་སྒོམ་གྲུབ་ཀྱི་ཐོག་ནས་ཉར་ཚགས་བྱེད་བཞིན་པའི་ནང་ཆོས་སྤྱི་དང་ལྷག་པར་དུ་དཔལ་ན་ལེན་ཌའི་ལྟ་གྲུབ་འདིའི་འབྱུང་ཁུངས་རྒྱ་གར་ཡིན་སྟབས་རྒྱ་གར་རང་ངོས་ནས་རང་ཉིད་ཀྱི་རིག་གཞུང་ཕྱུག་པོ་འདིར་བདག་པོ་བརྒྱབ་དགོས་པའི་བཀའ་སློབ་ཡང་ཡང་ཕེབས་བཞིན་ཡོད་པ་རེད། དེ་རིང་ཕྱི་ཟླ་ ༥ ཚེས་ ༣༡ གི་སྔ་ཐོག་ཆོས་མཐུན་སྐབས་པཎ་གྲུབ་བཅུ་བདུན་གསོལ་འདེབས་ཀྱི་ཐོག་ནས་ཆོས་འབྲེལ་སྩལ་བ་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་དེའི་སྲས་ཀྱི་ཐུ་བོ་སློབ་དཔོན་འཕགས་པ་ལྷའམ་ཨརྱ་དྷེ་ཝའིཆེ་བ་གསུངས་ཏེ་ངོ་སྤྲོད་གནང་པའི་གསུང་གི་དུམ་བུ་ཞིག་སྙན་སྒྲོན་ཞུ་གི་ཡིན།།
གསར་འགོད་པ་སྐལ་ལྡན་བློ་གྲོས།