རྣམ་དཔྱོད་བེད་སྤྱོད་ཀྱིས་བྱམས་བརྩེ་གོང་འཕེལ་གཏོང་དགོས། ༧གོང་ས་མཆོག་གིས།
2018.06.06

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་བོད་མི་གཞོན་སྐྱེས་ཚོར་ལོ་རེའི་འཆར་ཅན་གྱི་ཉིན་གསུམ་རིང་གི་ནང་ཆོས་ངོ་སྤྲོད་དབུ་ཚུགས་གནང་འདུག
རྡ་ས་བཞུགས་སྒར་གྱི་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གིས་ཕྱི་ལོ་ ༢༠༠༧ལོ་ནས་བཟུང་བོད་རིགས་གཞོན་སྐྱེས་ཚོར་གཙོ་བོར་དམིགས་ཏེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དྲུང་ནས་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་གོ་སྒྲིགས་ཞུ་བཞིན་པ་ལྟར། འདི་ལོའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ནང་ཆོས་ངོ་སྤྲོད་ཀྱི་མཛད་འཆར་ཕྱི་ཟླ་ ༦ ཚེས་ ༦ ནས་དབུ་བཙུགས་གནང་པ་དང་དུས་ཡུན་ཉིན་གྲངས་གསུམ་རིང་གནང་རྒྱུ་ཡིན་པ་རེད། ཕྱི་ཟླ་ ༦པའི་ཚེས་༦ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་མི་ན་གཞོན་དང་སློབ་གྲྭ་ཁག་གི་སློབ་ཕྲུག་ཕོ་མོ་སོགས་ཁྱོན་ཕྱི་ནང་གི་མི་མང་དྲུག་སྟོང་ཙམ་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་གྱི་སློབ་དཔོན་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་བཀའ་ཁྲིད་དང་འབྲེལ་ནང་ཆོས་ངོ་སྤྲོད་གནང་སྐབས། མིའི་རྣམ་དཔྱོད་བེད་སྤྱོད་ཀྱིས། མིའི་རང་བཞིན་ལྷན་སྐྱེས་ཀྱི་བྱམས་བརྩེ་དེ་ཡར་རྒྱས་གཏོང་དགོས་རྒྱུ་ཧ་ཅང་གལ་ཆེ་ཡིན་པ་བཀའ་གནང་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་གང་སར་ཤེས་ཡོན་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་དུ་ཚང་མས་ངོས་འཛིན་གྱིས། འགྲོ་སོང་ཆེན་པོ་བཏང་ནས་ཕ་མ་ཚོས་ཀྱང་ཕྲུ་གུར་སློབ་སྦྱོང་སྤྲོད་རྒྱུར་དོ་སྣང་བྱེད་ཀྱི་ཡོད་ནའང་། ད་ལྟ་ཡོད་བཞིན་པའི་སློབ་སྦྱོང་དེ་ཕྱི་དངོས་པོའི་ཡར་རྒྱས་ལ་དམིགས་བཞག་པ་ཅིག་མ་གཏོགས་ནང་སེམས་ཁམས་རིག་པ་དང་འབྲེལ་བའི་ཤེས་ཡོན་ཅིག་མིན་སྟབས། མི་ཕན་ཚུན་ལ་སྡུག་བསྔལ་བཟོ་བ་དང་དཀའ་ངལ་འཕྲད་རྒྱུ་སོགས་ཐབས་སྡུག་གི་རྒྱུན་མི་ཆད་པ་ཡོང་བཞིན་ཡོད་གསལ་བཤད་གནང་ཡོད་པ་རེད། ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་དེ་ཕྱི་དངོས་པོ་རྐྱང་རྐྱང་ལ་དམིགས་བཞག་པའི་སྟེང་། ནང་སེམས་ཀྱི་ཞི་བདེའི་ཐོག་བསམ་བློ་དེ་ཙམ་མ་བཏང་ན་མིའི་ལྷན་སྐྱེས་ཀྱི་བྱམས་བརྩེའི་རང་བཞིན་དེ་ཡར་རྒྱས་སུ་འགྲོ་མ་ཐུབ་པར་ཆགས་སྡང་གི་ཤུགས་རྐྱེན་འོག་དངོས་པོ་ཡར་རྒྱས་དང་སྒོ་ལྔའི་ཤེས་པ་རྐྱང་རྐྱང་ལ་བསམ་བློ་བཏང་བསྡད་པ་ཞིག་ཡོང་གི་ཡོད་པ་དེས། ལྷན་སྐྱེས་ཀྱི་རང་བཞིན་ཟིལ་གྱིས་མནན་པ་དང་མི་མངོན་པའི་བཟོར་ཆགས་བསྡད་པའི་གནས་སྟངས་ཡོང་གི་ཡོད་པ་བཀའ་གནང་འདུག དེར་བརྟེན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ད་ལྟ་ང་ཚོར་ཡོད་བཞིན་པའི་དེང་རབས་ཀྱི་ཤེས་ཡོན་ནི་དངོས་པོ་ཡར་རྒྱས་རྐྱང་རྐྱང་ལ་དམིགས་པ་ཅིག་ཡིན་སྟབས། དེས་འདང་གི་མེད་པར་ཤེས་ཡོན་ཅན་མང་པོས་གོ་བསྡུར་ཡོང་གི་ཡོད་པ་དང་། དེང་དུས་ཤེས་ཡོན་དང་མིའི་རྣམ་དཔྱོད་ཟུང་དུ་འབྲེལ་ནས་ལྷན་སྐྱེས་ཀྱི་བྱམས་བརྩེའི་རང་བཞིན་ཡོད་པ་དེར་ཞབས་འདེགས་སྒྲུབ་ཐུབ་པ་ཞིག་དགོས་རྒྱུ་དང་། དེ་ད་དུང་མུ་མཐུད་གོང་འཕེལ་གཏོང་ཐབས་བྱ་གལ་ཆེ་ཞིང་། ང་ཚོར་དེ་ལྟར་བྱེད་པའི་ཆ་རྐྱེན་ཡང་ཡོད་པ་བཀའ་གནང་ཡོད་པ་རེད།
ཐེངས་འདིའི་ནང་ཆོས་ངོ་སྤྲོད་དུ་མཐོ་སློབ་༦༢ནས་སློབ་ཕྲུག་༨༧༠དང་། ཡང་སློབ་གྲྭ་ཁག་༡༢དང་ས་གནས་འདྲ་མིན་བཅོ་ལྔ་ཙམ་ནས་གཞོན་སྐྱེས་དོན་གཉེར་ཅན་སོགས་བཅར་ཡོད་པ་རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ཡོད་པ་རེད།
ཡང་ནང་ཆོས་ངོ་སྤྲོད་ལ་ད་ལན་ཐེངས་དང་པོར་བཅར་མཁན་མ་སུ་རི་བོད་ཁྱིམ་གྱི་སློབ་ཕྲུག་ཚེ་བརྟན་སྒྲོལ་དཀར་ནས་ངོ་སྤྲོད་བྱས་ན། མོ་རང་ལ་གོ་སྐབས་བཟང་པོ་འདི་ཐོབ་དུས། མ་འོངས་པར་ཆོས་ལ་བདག་པོ་བརྒྱབ་ཐུབ་མཁན་དེ་འདྲ་ཆགས་མ་ཐུབ་ནའང་། བོད་མི་ཞིག་ཡིན་པའི་ཆ་ནས་ནང་ཆོས་ཟེར་ན་གང་འདྲ་ཡིན་པ་དང་། ནང་ཆོས་ལ་གང་འཚམ་གོ་རྟོགས་ཡོང་རྒྱུ་གལ་ཆེན་དུ་མཐོང་བ་དང་། ལྷག་པར་༧གོང་ས་མཆོག་མཇལ་རྒྱུར་གོ་སྐབས་བཟང་པོར་མཐོང་སྟེ་ཡོང་བ་བརྗོད་ཡོད་པ་རེད།
ད་རེས་ཀྱི་སྤྱོད་འཇུག་དང་བྱམས་ཆུབ་སེམས་བསྟོད་ཀྱི་གསུང་ཆོས་ནི་བོད་མི་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་གནང་ཐེངས་༡༢ པ་དེ་ཡིན་པ་རེད།
གསར་འགོད་པ་བློ་བྷེ།