ཏ་ལའི་བླ་མ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
2017.03.23

༄༅༎ཐེངས་འདིའི་གཏམ་གླེང་ཞལ་པར་གྱི་ལེ་ཚན་གྱི་ནང་དུ་རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་ངོ་སྤྲོད་ཞུ་རྒྱུའི་ཁྲོད་ནས་༸རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་བོད་ཀྱི་གཙང་ཁུལ་དུ་འཁྲུངས་ཤིང་། ༸རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་བོད་དབུས་གཙང་ཁུལ་གྱི་གདན་ས་གསུམ་ཀའི་མཁན་པོ་མཛད་དེ་རི་བོ་དགེ་ལུགས་པའི་བསྟན་པ་དར་སྤེལ་རྒྱ་ཆེར་མཛད། དེ་བཞིན་རང་གི་ཕ་མེས་ཀྱི་ཆོས་ལུགས་རྙིང་མ་དང་། ཤངས་པ་བཀའ་བརྒྱུད། ས་སྐྱ་སོགས་དང་འབྲེལ་བ་ཚུལ་བཞིན་བསྐྱངས། ཕྱི་ལོ་༡༥༣༠ ལོར་འབྲས་སྤུངས་དགོན་པར་གནས་ཁང་ཞིག་བདག་བཞེས་ཀྱིས་དེ་ལ་དགའ་ལྡན་ཕོ་བྲང་ཞེས་མཚན་འདོགས་པར་མཛད། དེ་ཉིད་རིམ་བཞིན་གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་བླ་བྲང་དང་། དུས་ཕྱིས་༸རྒྱལ་དབང་ལྔ་པ་ཆེན་པོས་སྲིད་དབང་བཞེས་པའི་སྐབས་བོད་ཅན་ལྗོངས་ཀྱི་ཆབ་སྲིད་དབང་ཆའི་བསྟི་གནས་སུ་འགྱུར་བ་སོགས་ཀྱི་སྐོར་སྒྲོལ་དཀར་ལགས་ནས་སྐུ་ཞབས་ཐུབ་བསྟན་ཡར་འཕེལ་ལགས་ཀྱི་ལྷན་གླེང་མོལ་ཞུས་པར་གསན་རོགས༎
གསར་འགོད་པ་སྒྲོལ་དཀར།