སྐུ་ངོ་ཕུན་ཚོགས་དོན་ལྡན་ལགས་དགོངས་པ་རྫོགས་པ།

ལོ་རབས་དྲུག་བཅུ་དང་བདུན་བཅུའི་ནང་བཙན་བྱོལ་བོད་གཞུང་ནང་ཞབས་ཕྱི་ཞུ་མཁན་ཨ་རིའི་དོན་ཟུར་ཕུན་ཚོགས་དོན་ལྡན་ལགས་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་དགོངས་པ་རྫོགས་འདུག
2022.07.28
སྐུ་ངོ་ཕུན་ཚོགས་དོན་ལྡན་ལགས་དགོངས་པ་རྫོགས་པ།
སྐུ་ངོ་ཕུན་ཚོགས་དོན་ལྡན་ལགས་ཀྱི་ངོ་དེབ།

ཕུན་ཚོགས་དོན་ལྡན་ལགས་བར་ལམ་སྙུང་མནར་གྱིས་ཕྱི་ཟླ་༧པའི་ཚེས་༢༨ རེས་གཟའ་ཕུར་བུའི་མཚན་མོའི་ཚོུད་༡༢དང་སྐར་མ་༡༧ཐོག་ཨ་རིའི་གྲོང་ཁྱེར་ནེའུ་ཡོཀ་ཏུ་ཡོད་པའི་གཟིམ་ཤག་ཏུ་དགུང་གྲངས་༨༦ ཐོག་དགོངས་པ་རྫོགས་འདུག  ཕུན་ཚོགས་དོན་ལྡན་ལགས་ནི་བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས་ཤིང་། ཁོང་ཆུང་དུས་རྒྱ་གར་རྡོ་རྗེ་གླིང་དབྱིན་ཇིའི་སློབ་གྲྭར་སློབ་སྦྱོང་གནང་ཡོད་པ་རེད། བོད་ཀྱི་རྒྱལ་ས་ལྷ་ས་རྒྱ་ནག་གི་དམག་དཔུང་གིས་ཡོངས་སུ་བཙན་བཟུང་བྱས་ཟིན་ཏེ་ཟང་ཟིང་ཆེ་བའི་དུས་སྐབས་དེར་ཁོང་གི་པཱ་ལགས་ཀྱི་བཀོད་མངགས་བྱུང་དོན་ལྟར་རྒྱ་གར་ནང་མུ་འཐུད་བཞུགས་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་བྲོས་བྱོལ་དུ་ཕེབས་རྗེས་བཙན་བྱོལ་བོད་གཞུང་གསར་བཙུགས་གནང་པའི་གཞུང་ལས་ཀྱི་ཁྲོད་དབྱིན་སྐད་ཤེས་སྦྱོང་ཡོད་མཁན་དཀོན་པའི་སྐབས་ཡིན་ཞིང་། སྐུ་ཞབས་ཕུན་ཚོགས་དོན་ལྡན་ལགས་ཀྱིས་བོད་གཞུང་ནང་ཐེགས་པ་རིམ་འཛེགས་ཀྱིས་ཞབས་ཕྱི་ཞུས་གནང་འདུག ཐོག་མར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནང་ཕྱག་ལས་གནང་པ་དང་། དེ་རྗེས་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་ཞུ་གཏུག་ཆེད་དམིགས་བསལ་བཙུགས་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་དོན་གཅོད་ཀྱི་འགན་འཁུར་བཞེས་མྱོང་ཡོད་པ་རེད།
ཁོང་གིས་ཕྱག་ལས་གནང་པའི་བརྒྱུད་རིམ་ནང་རྒྱ་གར་གཞུང་དང་འབྲེལ་བ་ཞུ་རྒྱུ་དང་། དེ་རྗེས་ཨ་རིའི་ནང་ཨ་རིའི་གཞུང་གི་འབྲེལ་ཡོད་ཚན་པ་དང་། དེ་མིན་རྒྱལ་ཁབ་འདྲ་མིན་གྱི་གཞུང་ཚབ་མི་སྣ་བརྒྱུད་བོད་དོན་རྒྱབ་སྐྱོར་འབྱུང་ཐབས་ཐོག་ཕྱག་གནང་ཡོད་པ་རེད། ཁོང་བོད་གཞུང་གི་ལས་འགན་ཁག་ནས་འགྲེས་ཡོལ་དུ་ཕེབས་རྗེས་ཀྱང་བོད་ཀྱི་རྩ་དོན་ཐད་ཐུགས་འཁུར་ཆེན་པོ་བཞེས་ཡོད་ལ། ཁོང་ནི་མི་སུ་འདྲ་ཞིག་ཡིན་ཡང་འདྲིས་བདེ་ལ། ཐུགས་སྣང་སྤྲོ་བའི་མི་སྣ་ཞིག་ཡིན་པ་རེད།
 སྐོུ་ཕུན་ཚོགས་དོན་ལྡན་ལགས་སུ་ཤུལ་ལུས་སྐུ་ཟླ་པདྨ་དོན་ལྡན་ལགས་དང་བོུ་འཆི་མེད་དོན་ལྡན། བོུ་ཆུང་བ་གཡུ་སྒྲོན་དོན་ལྡན་བཅས་ཡོད་པ་རེད་འདུག
འཆི་མེད་ལགས་ཀྱིས་སྐུ་ཞབས་ཕུན་ཚོགས་དོན་ལྡན་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་ཕྱོགས་བསྒྲིགས་ཞུས་པ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎