༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་བཙན་ཁྲིད་བྱས་ཏེ་ལོ་ངོ་ཉི་ཤུ་རྩ་དགུ་ཧྲིལ་པོ་འཁོར་བའི་ཉིན་མོར་བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་གཉིས་ནས་རྒྱ་ནག་གཞུང་ལ་དགོས་འདུན་ཁག་བཞི་འདོན་ཡོད་པ།
དེ་བཞིན་ཡང་ཁོང་གིས་རྒྱ་ནག་གཞུང་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དང་མཉམ་དུ་བོད་ཀྱི་ཆོས་དང་། རིག་གཞུང་། ཁོར་ཡུག་དང་བཅས་པ་རྩ་མེད་གཏོང་བཞིན་པ་དེ་འཕྲལ་དུ་མཚམས་འཇོག་དགོས་པ་དང་། དེ་རིང་གི་ཉིན་མོའི་བརྡ་ལན་གཙོ་བོ་ནི་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་དང་ཁོང་གི་གནས་སྟངས་ཇི་ཡིན་འཛམ་གླིང་སྟེང་གསལ་སྟོན་བྱ་དགོས་པ་གསུངས་གནང་སོང་། ཡང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་བསྟན་འཛིན་སྒྲོལ་མ་ལགས་ཀྱི་པཎ་ཆེན་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་གྲོལ་ཡོང་ཆེད་ད་བར་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད་པ་མ་ཟད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་བཅས་སུ་འབོད་སྐུལ་མུ་མཐུད་གནང་བཞིན་ཡོད་པ་དང་། ད་རེས་ཡང་གོང་ཞུས་ཚོགས་པ་ཁག་ནས་རིན་པོ་ཆེ་མཆོག་མགྱོགས་མྱུར་ཞལ་མཇལ་ཐུབ་ཆེད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་སོང་།
༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གིས་བཙན་འཁྲིད་འོག་གར་སོང་ཆ་མེད་དུ་གྱུར་པའི་ཉིན་མོར་བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་གཉིས་ཀྱི་གོ་སྒྲིག་ཐོག་མེག་ལོ་གྷན་ཁྲོམ་གཞུང་ནས་རྡ་ཤོད་ཀཱ་ཅ་རི་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་གནང་སོང་། ལས་འགུལ་ཐོག་མཉམ་ཞུགས་གནང་མཁན་བོད་མི་བསྟན་འཛིན་འཇམ་དཔལ་ལགས་ཀྱི་པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་གློད་གྲོལ་ཡོང་ཆེད་ཁོང་ད་རེས་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་པ་ཡིན་ཅེས་གསུངས་ཀྱི་འདུག
དེ་བཞིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ས་གནས་ཁག་འདྲ་མིན་ནང་པཎ་ཆེན་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་གྲོལ་ཡོང་ཆེད་ལས་འགུལ་གྱི་རྣམ་པ་འདྲ་མིན་སྤེལ་ནས་དུས་དྲན་སྲུང་བརྩི་ཞུས་ཡོད་པ་རེད་འདུག
གསར་འགོད་པ། པ་སངས་ཚེ་རིང་ནས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།