ཨ་རིའི་མི་སེར་ཡིན་པའི་བོད་མི་ཚོས་སྲིད་འཛིན་བྷ་ཌེན་མཆོག་གིས་སྲིད་འཛིན་གོང་མ་རྣམས་ཀྱིས་གནང་ལམ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་འཕྲད་ཞུ་དགོས་པའི་འབོད་སྐུལ་ཞུས་འདུག
ཨ་རིའི་མི་སེར་ཡིན་པའི་བོད་མི་ཚོས་སྲིད་འཛིན་བྷཡེཌན་མཆོག་གིས་སྲིད་འཛིན་གོང་མ་རྣམས་ཀྱིས་གནང་ལམ་བཞིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་འཕྲད་ཞུ་དགོས་པ་ཕ་ཡུལ་རྙིང་པ་ཞེས་པའི་དྲ་ཐོག་ནས་ཞུ་སྐུལ་འཕྲིན་ཡིག་ཅིག་སྤེལ་ཡོད་ཅིང་། ཨ་རིའི་སྲིད་འཛིན་གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་འཕྲད་ཞུ་རྒྱུ་དེས་ཨ་རིའི་འཛམ་གླིང་སྟེང་དུ་ཡ་རབས་བཟང་སྤྱོད་ཀྱི་ལས་དོན་སྣེ་ཁྲིད་ཀྱི་ནུས་ཤུགས་ལྡན་པའི་གོ་རིམ་དེ་མཚོན་པ་དང་། འདི་ནི་ཨ་རིས་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ། ཆོས་ལུགས་རང་དབང་ཐད་ཀྱི་ཁས་ལེན་དང་རྒྱབ་སྐྱོར་གནང་པ་ཞིག་ཡིན་པ་བརྗོད་འདུག
ཕྱི་ལོ་ ༡༩༩༡ ནས་བཟུང་སྲིད་འཛིན་ Donald Trump མ་གཏོགས་པའི་ཨ་རིའི་སྲིད་འཛིན་ཚང་མས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་འཕྲད་ཞུས་ཡོད་པ་རེད།
དེ་བཞིན་ཡང་ change.org ཞེས་པའི་དྲ་གནས་བརྒྱུད་ Olo Bayul ལགས་ཀྱིས་སྣེ་ཁྲིད་པའི་ཞུ་སྐུལ་གྱི་ལས་འགུལ་ཞིག་ལ་རྒྱབ་སྐྱོར་བ་ཚོས་མིང་རྟགས་བཀོད་ནས་སྲིད་འཛིན་སྦཡེཌན་གྱིས་༧གོང་ས་མཆོག་ལ་མཇལ་དགོས་པའི་སྐུལ་འདེད་བྱེད་བཞིན་པ་དང་། ཕྱི་ཚེས་ ༡༦ གྱི་ཕྱེད་ཡོལ་བར་མི་གྲངས་བརྒྱ་ཕྲག་ཁ་ཤས་ཀྱིས་མཚན་རྟགས་བསྐྱོན་འདུག
ཞུ་ཡིག་ནང་། སྲིད་འཛིན་སྦཡེཌན་གྱིས་༧གོང་ས་མཆོག་ལ་མཇལ་འཕྲད་ཞུ་རྒྱུ་འདི་ནི་འཛམ་གླིང་སྟེང་ནང་པའི་རྗེས་འཇུག་པ་མི་གྲངས་ས་ཡ་མང་པོ་དང་ཨ་རིའི་བོད་མི་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཚོ་ཐུན་མོང་གི་རེ་འདུན་ཡིན་པ་བཀོད་འདུག
གསར་འགོད་པ། ལྕགས་མོ་མཚོ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།