བཀྲ་ཤིས་དོན་གྲུབ་གློད་གྲོལ་ཐོབ།

རྒྱ་ནག་གཞུང་གིས་ལོ་གཅིག་དང་ཟླ་བ་བདུན་གྱི་ཁྲིམས་ཆད་བཅད་པའི་གླུ་བ་བཀྲ་ཤིས་དོན་ལགས་ད་ལྟ་གློད་གྲོལ་བཏང་།

2011.02.08
རྒྱ་ནག་གཞུང་གིས་ལོ་གཅིག་དང་ཟླ་བ་བདུན་གྱི་ཁྲིམས་ཆད་བཅད་པའི་གླུ་བ་བཀྲ་ཤིས་དོན་ལགས་ད་ལྟ་གློད་གྲོལ་ཐོབ་ཡོད་།
བོད་ནས་འབྱོར་བ།

༄༅༎ཕྱི་ཟླ་༢ཚེས་༨རེས་གཟའ་མིག་དམར་གྱི་ཉིན་བོད་ནང་གི་ཁུངས་ལྡན་གནས་ཚུལ་ཡོང་ཁུངས་ནས་བརྗོད་ན། དེ་རིང་གི་བོད་ནང་གི་ཞོགས་པའི་དུས་ཚོད་དགུ་དང་ཕྱེད་ཀའི་ཐོག་ཟི་ལིང་བཙོན་ཁང་ནས་བོད་ཀྱི་གླུ་བ་བཀྲ་ཤིས་དོན་གྲུབ་ལགས་གློད་གྲོལ་ཐོབ་ཡོད་པ་རེད། ས་གནས་ཀྱི་དགོང་མོའི་དུས་ཚོད་བདུན་པའི་ཐོག་བདེ་བླགས་ངང་ཕྱིར་ཕ་ཡུལ་རྨ་ལྷོ་ཁུལ་སོག་པོ་རྫོང་དུ་འབྱོར་ལ་། ལམ་བར་རྩེ་ཁོག་བརྒྱུད་ནས་ཡོང་སྐབས་མང་ཚོགས་ཀྱིས་ལམ་ཁ་ནས་ཁ་བཏགས་བཟུང་ནས་བསུ་བ་བྱས་ཡོད་པ་མ་ཟད་། སོག་པོ་རྫོང་སླེབས་མ་ཐག་གྲོགས་པོ་གཉེན་ཉེ་སོགས་མི་མང་པོ་དགའ་བསུ་རྒྱ་ཆེན་བྱས་ཡོད་འདུག། ད་ལྟའི་བར་ཉེན་རྟོག་ཕྱོགས་ནས་ཁོང་ལ་དགའ་བསུ་བྱེད་མཁན་ཚོར་བཀག་སྡོམ་བྱས་པའི་གནས་ཚུལ་བྱུང་མེད་ཟེར་། གླུ་བ་བཀྲ་ཤིས་དོན་གྲུབ་ལགས་ནི་མདོ་སྨད་ཡུལ་དུ་མང་ཚོགས་ཀྱིས་དགའ་མོས་ཆེན་པོ་བྱེད་པའི་སྒྲ་སྙན་རྡུང་ལེན་པ་ཞིག་ཡིན་པ་དང་། རྨ་ཁ་མེད་པའི་གཅར་རྡུང་སོགས་གླུ་གཞས་འོད་སྡེར་འགྲེལ་སྤེལ་བྱས་རྐྱེན་རྒྱ་ནག་གཞུང་གིས་དེ་སྔོན་ཆབ་སྲིད་ཀྱི་ནང་དོན་འདྲེས་པའི་གླུ་གཞས་བླངས་ཚུལ་གྱི་ནག་ཉེས་བཙུགས་ཏེ་ལོ་གཅིག་དང་ཟླ་བ་བདུན་གྱི་བཙོན་འཇུག་ཉེས་ཆད་བཅད་པ་མ་ཟད་། འཛིན་བཟུང་སྐབས་གཅར་རྡུང་ཚད་མེད་བྱས་ཡོད་འདུག
སྤྱི་༢༠༠༨ལོའི་སྤྱི་ཟླ་བཅུ་གཉིས་བའི་ཚེས་༣ཉིན་ཉེན་བྱོལ་དུ་ཡོད་པའི་གླུ་བ་སོག་ཕྲུག་བཀྲ་ཤིས་དོན་གྲུབ་དང་བཟའ་ཟླས་ཟི་ལིང་དུ་ཟ་མ་སྐབས་རྨ་ལྷོ་ཡུལ་རྒན་རྫོང་གི་ཉེན་རྟོག་པས་འཛིན་བཟུང་བྱས་པ་དང་།རྗེས་སུ་ཟི་ལིང་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་ཟླ་བ་གཉིས་ཙམ་ལ་བཙོན་འཇུག་སྐབས་གཅར་རྡུང་མང་པོ་བྱས་ཡོད་པ་དང་།དེའི་རྗེས་རྨ་ལྷོ་ཡུལ་རྒན་སོག་རྫོང་གི་བཙོན་ཁང་ནང་བསྐྱལ་ཡོད་ལ་།ཉེ་ཆར་སོག་པོ་རྫོང་ཁྲིམས་ཁང་གིས་ཆབ་སྲིད་ཀྱི་ནང་དོན་འདྲེས་པའི་གླུ་གཞས་བླངས་པའི་ནག་ཉེས་འོག་ལོ་གཅིག་དང་ཟླ་བ་བདུན་གྱི་ཁྲིམས་ཆད་བཅད་པ་དང་།ཁྲིམས་བཤེར་དུས་སུ་ནང་མིར་ཟུར་ཉན་བྱེད་དུ་བཅུག་མེད་ལ།ཁྲིམས་རྩོད་པ་བཙལ་བའི་ཐོབ་ཐང་ཡང་སྤྲད་མེད་པ་གནས་ཚུལ་ཡོངས་ཁུངས་ནས་བརྗོད་པ་ལས་ཁྲིམས་ཐག་བཅད་པའི་ཚེས་གྲངས་གསལ་པོ་ཤེས་རྟོགས་མེད་པ་དང་།ད་ལྟ་ཁོང་རྨ་ལྷོ་ཁུལ་ཡུལ་རྒན་སོག་རྫོང་གི་བཙོན་ཁང་དུ་བཅུག་ཡོད་པ་རེད་།སྤྱི་ལོ་༢༠༠༨ལོར་གླུ་བ་བཀྲ་ཤིས་དོན་གྲུབ་དང་གྲོགས་པོ་འགས་བཏོན་པའི་གཡུ་མཚོ་སྔོན་མོའི་རླབས་སྒྲ་ཞེས་པའི་འོད་སྡེར་ནངཁོང་གིས་སྤྱི་ལོ་ང་བརྒྱད་ལོ་དང་ཉིས་སྟོང་བརྒྱད་ལོ་ཞེས་པའི་སྒྲ་སྙན་རྡུང་ལེན་བླངསཔར་བརྟེན་།རྒྱ་ནག་གཞུང་གིས་གླུ་ཚིག་ཐད་ཆབ་སྲིད་ནང་དོན་འདྲེས་ཚུལ་གྱིས་འགྲེལ་སྤེལ་བཀག་སྡོམ་བྱས་ཡོད་པ་དང་།ན་ནིང་ལོར་ཁོང་གིས་ཡང་བསྐྱར་རྨ་ཁ་མེད་པའི་གཅར་རྡུང་ཞེས་པའི་འོད་སྡེར་གསར་བ་ཞིག་འགྲེམས་སྤེལ་བྱས་པར་བརྟེན་།རྒྱ་ནག་གཞུང་གིས་འོད་སྡེར་དེ་འགྲེམས་སྤེལ་བཀག་སྡོམ་དང་།ཁོང་ལ་འཛིན་བཟུང་གི་ཉེན་བརྡ་བཏང་པར་བརྟེན་།ཕ་ཡུལ་ནས་ཟི་ལིང་སོགས་སུ་ཉེན་བྱོལ་དུས་སུ་འཛིན་བཟུང་བྱས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎