དམིགས་བསལ་སྐུ་ཚབ་རྒྱ་ནག་ཏུ་ཕེབས་པ།
2008.05.02

༄༅༎དེ་རིང་ཕྱི་ཟླ་ ༥ ཚེས་ ༢ རེས་གཟའ་པ་སངས་ཀྱི་ཉིན་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྒེར་ཡིག་ཚང་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་མཆོག་དང་། སྐལ་བཟང་རྒྱལ་མཚན་མཆོག་རྣམ་གཉིས་རྒྱ་ནག་གི་དཔོན་རིགས་དང་གྲོས་མོལ་གནང་བར་ཕྱི་ཚེས་ ༣་ རེས་གཟའ་སྤེན་པའི་ཉིན་རྒྱ་ནག་ཏུ་འབྱོར་གནང་གི་ཡོད་པ་དང༌། སྐུ་ཚབ་རྣམ་གཉིས་ཀྱིས་རྒྱ་ནག་དཔོན་རིགས་ཀྱི་ལྷན་དུ་སྔོན་འགྲོའི་གྲོས་མོལ་གནང་རྒྱུའི་དུས་ཚོད་ཐུང་ངུ་དེའི་ནང་ད་ལྟའི་བོད་ནང་གི་ཛ་དྲག་གི་དཀའ་ངལ་སེལ་ཐབས་སྐོར་དང་། ལྷག་པར་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་བཞིན་པའི་ཐོག་ཧ་ཅང་གི་ཐུགས་འཚབ་ཆེན་པོ་གནང་གི་ཡོད་པ་དང་། བོད་ནང་ཞི་བདེ་སྐྲུན་ཐབས་སྐོར་གྱི་དགོངས་གཞི་གསལ་བཤད་ཞུ་རྒྱུའི་ཆེད་སྐུ་ཚབ་རྣམས་ད་ལྟ་ཧོང་ཀོང་དུ་ཕེབས་ཟིན་ཡོད་སྐོར་འཁོད་ཡོད་པ་རེད༎