༸གོང་ས་མཆོག་སྐུའི་བཤག་བཅོས་ལེགས་གྲུབ།
2008.10.09

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉིན་ཤས་གོང་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྐུ་ཁམས་བརྟག་དཔྱད་སླད་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་དཔལ་ལྡན་སྐུ་སྒེར་ཡིག་ཚང་དང་བཙན་བྱོལ་བོད་གཞུང་གི་འབྲེལ་ཡོད་དཔོན་རིགས་ཚོས་འདི་ག་རླུང་འཕྲིན་ཁང་ལ་གཞི་རྐང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཁམས་དྭངས་གསལ་ཡིན་པ་ལས་ཛ་དྲག་གི་གནས་ཚུལ་གང་ཡང་མེད་པ་གསལ་བཤད་གནང་བྱུང༌། འོན་ཀྱང་ལྡི་ལིའི་ནང་ཡོད་པའི་རྒྱ་གར་གཞུང་གཉེར་ཤྲི་གངྒ་རཱམ་སྨན་ཁང་དེའི་མིང་འབོད་མ་བྱས་པའི་སྨན་པ་ཞིག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསོལ་གྲོད་ལ་སླར་ཡང་བསྙུན་ཟུག་ཕྲན་བུ་བྱུང་བར་བརྟེན་གཟའ་པ་སངས་ཉིན་སྐུའི་བཤག་བཅོས་ཞུ་རྒྱུ་ཡིན་ལུགས་བརྗོད་པ་ཕྷ་རེནས྄་གསར་སྤེལ་ལས་ཁང་གིས་ལུང་འདྲེན་བྱས་འདུག་ཡང་འདིའི་ཐད་འདི་ག་རླུང་འཕྲིན་ཁང་ནས་བཙན་བྱོལ་བོད་གཞུང་གི་མཐོ་རིམ་དཔོན་རིགས་ཤིག་ལ་འབྲེལ་བ་ཞུ་སྐབས་ཁོང་གིས་སྐུ་བཤག་བཅོས་ཞུ་རྒྱུ་ཡིན་མི་གསལ་བཤད་གནང་མ་བྱུང་ཡང་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཁམས་ཀྱི་གནས་བབ་ཛ་དྲག་ཅན་ཞི་རྩ་བ་ནས་མིན་ན་ཡང་གལ་ཆེ་དོ་ནན་ཆེད་ལྡི་ལིའི་སྨན་ཁང་དུ་སླར་ཡང་ཕེབས་པ་ནི་བདེན་པ་ཡིན་པ་འགྲེལ་བརྗོད་གནང་བྱུང་ལ་འདིའི་ཐད་དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་མཚན་ཐོག་ནས་ཕྱི་ཟླ་བཅུ་པའི་ཚེས་བཅུ་གཟའ་པ་སངས་ཉིན་གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་རྒྱུ་ཡིན་པ་བཀའ་གསལ་གནང་བྱུང༌། མིང་འདོན་མ་ཞུས་པའི་བཙན་བྱོལ་བོད་གཞུང་གི་དཔོན་རིགས་དེས་ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཕྱི་ཟླ་བཅུ་གཅིག་པའི་ནང་ཉི་ཧོང་དུ་ཆིབས་བསྒྱུར་སྐྱོང་གནང་མཛད་རྒྱུའི་མཛད་འཆར་ཁག་ལ་འགྱུར་བ་འགྲོ་རྒྱུ་མིན་པ་མ་ཟད་ ད་དུང་ཆིབས་བསྒྱུར་བཞུགས་བཞག་ཉིན་གྲངས་ཁ་ཤས་མང་དུ་ཡང་འགྲོ་སྲིད་ལུགས་འགྲེལ་བརྗོད་གནང་གི་འདུག ཕྱི་ཟླ་དགུ་པའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསོལ་གྲོད་ཅུང་མི་བདེ་བའི་ཚུལ་བཞེས་ཏེ་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷཡི་སྨན་ཁང་དུ་བརྟག་དཔྱད་སླད་ཆིབས་བསྒྱུར་གནང་ཞིང་དེ་ཕྱོགས་ནས་སྨན་པ་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཁམས་ལ་བརྟག་དཔྱད་ཞིབ་ཕྲ་ཞུས་པ་དང་འཕྲོད་སྦྱོར་གྱི་གསོལ་སྨན་སོགས་ཕུལ་བའི་རྗེས་སྐུ་ཁམས་གསལ་དྭངས་སུ་ཕེབས་པ་གསལ་བསྒྲགས་གནང་ཡོད་པ་རེད་ལ་དེ་རྗེས་ཕྱི་ཟླ་དགུ་པའི་ཟླ་མཇུག་དང་བཅུ་པའི་ཟླ་འགོ་ཐོག་མར་སིངྷ་པུར་ནས་ཆེད་བཅར་ཞུས་པའི་རྒྱ་རིགས་ཚོགས་ཉིན་གྲངས་གསུམ་རིང་གསུང་ཆོས་དང་དེ་རྗེས་ཐེ་ཝན་ནས་ཆེད་བཅར་ཞུས་པའི་དད་ལྡན་པ་རྣམས་ལ་ཉིན་གྲངས་ལྔའི་རིང་ཆོས་འབྲེལ་གསུང་ཆོ་བསྩལ་གནང་མཛད་ཡོད་པ་རེད༎