རྒྱལ་སྤྱིའི་རང་དབང་གཟེངས་རྟཌ།
2010.02.08

༄༅༎ཨ་མི་རི་ཀའི་ནང་གི་ རྒྱལ་ཡོངས་ས་འོག་མེ་འཁོར་ལྕགས་ལམ་རང་དབང་ལྟེ་གནས་ཁང་གིས་ བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ རྒྱལ་སྤྱིའི་རང་དབང་གཟེངས་རྟགས་འབུལ་ལམ་ཞུ་རྒྱུའི་གསལ་བསྒྲགས་གནང་འདུག།
གོང་ཞུས་རང་དབང་ལྟེ་གནས་ཁང་དེའི་ཚོགས་གཙོ་སྐུ་ཞབས་Donald W.Murphy ས་ ད་ལོ་ཕྱི་ཟླ་༡༠པའི་ཚེས་༢༠ཉིན་ཨ་རིའི་Ohio མངའ་སྡེའི་གྲོང་ཁྱེར་Cincinnati ནང་གི་Duke Energy Center ཞེས་པའི་ལྟེ་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་རང་དབང་གཟེངས་རྟགས་དེ་འབུལ་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་བཞག། ཁོང་གིས་ འཛམ་གླིང་ནང་རང་དབང་འཐབ་རྩོད་གནང་མཁན་གང་ཟག་དང་ཚོགས་སྡེ་ཁག་ལ་འབུལ་བཞིན་པའི་གཟེངས་རྟགས་དེ་ད་རེས་༸གོང་ས་༸ཏཱ་ལའི་བླ་མ་མཆོག་ལ་འབུལ་ལམ་ཞུ་ཡག་གི་གོ་སྐབས་ཐོབ་པ་དེ་ནི་ང་ཚོའི་སྤོབ་པ་དང་གཟི་བརྗིད་ཡིན་ལ། ༸གོང་ས་༸ཏཱ་ལའི་བླ་མ་མཆོག་གིས་བོད་སྤྱི་པའི་དོན་དུ་སྐུ་ངལ་འཛེམས་མེད་དེ་ཙམ་སྐྱོན་གནང་བ་དང༌། འཛམ་གླིང་མི་དམངས་སྤྱིའི་དོན་དུ་ཞི་བདེ་དང་རང་དབང་དར་འཕེལ་ཡོང་ཐབས་སུ་སྐུ་ཚེ་ཧྲིལ་པོ་ཕྱག་ལས་གནང་བ་དེ་ནི་དུས་རབ་༡༨དང་༡༩ནང་བྲན་གཡོག་ལམ་ལུགས་མེད་པ་བཟོ་ཐབས་གནང་མཁན་མི་སྣ་ཚོའི་ཕྱག་ལས་གནང་སྟངས་དང་གཅིག་མཚུངས་རེད་ཅེས་
ཨ་རིའི་རྒྱལ་ཡོངས་མེ་འཁོར་ལྕགས་ལམ་རང་དབང་ལྟེ་གནས་ཁང་གི་ཚོགས་གཙོ་
Donald Murphy ཡིས་གསུངས་བཞག།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ཟླ་༡༠པའི་ཚེས་༢༠ཉིན་ Duke Energy ལྟེ་གནས་ཁང་དུ་རྒྱལ་སྤྱིའི་རང་དབང་གཟེངས་རྟགས་དེ་འབུལ་བཞེས་གནང་བ་དང་ཆབས་ཅིག་མང་ཚོགས་ཀྱི་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་གནང་རྒྱུའི་མཛད་འཆར་གོ་སྒྲིག་ཞུས་ཡོད་སྐོར་ Donald Murphyས་འགྲེལ་བརྗོད་གནང་བཞག།
Intenational Freedom Conductor Award ཞེས་པའི་རྒྱལ་སྤྱིའི་རང་དབང་གཟེངས་རྟགས་དེ་བཞིན་དེ་སྔོན་སྤྱི་དམངས་ཐོབ་ཐང་རྩོད་ལེན་གནང་མཁན་མི་རིགས་ནག་པོའི་དབུ་ཁྲིད་ལྕམ་Rosa Park དང་། ལྷོ་ཨཕ་རི་ཀའི་ཡེ་ཤུའི་མཆོད་དཔོན་Desmond Tutuམཆོག་དང་ཨ་རིའི་སྲིད་འཛིན་ཟུར་པ་Bill Clinton དང་ George Bush བཅས་ལ་ཕུལ་ཡོད་པ་རེད།