གསར་འགོད་པར་ཐོངས་མཆན་མ་སྤྲད་པ།
2008.08.07

༄༅༎འདི་ལོའི་ཨོ་ལིམ་པིཀ་རྩེད་འགྲན་གྱི་སྐོར་གནས་ཚུལ་འཚོལ་བསྡུའི་ཆེད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཆེད་གཏོང་གསར་འགོད་པ་ཞིག་ལ་རྒྱ་ནག་གཞུང་གིས་ཐོངས་མཆན་མ་སྤྲད་པ་དེར་
འདི་ག་རླུང་འཕྲིན་ཁང་གི་འགན་འཛིན་གྱིས་སྐྱོན་བརྗོད་ཤུགས་ཆེ་གནང་འདུག དེ་ཡང་གནད་དོན་འདིའི་ཐད་འདི་ཚེས་བདུན་ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་འཛིན་སྐྱོང་འགན་འཛིན་ལི་སྦི་ལུ་ཡི་མཚན་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་པར་བྱས་ན་
ཐོངས་མཆན་མི་སྤྲོད་པ་དེ་ནི་དེ་སྔ་ཨོ་ལིམ་པིཀ་རྩེད་འགྲན་གྱི་མགྲོན་བདག་རྒྱལ་ཁབ་བྱེད་པའི་འགྲན་རྩོད་ནང་ཞུགས་སྐབས་རྒྱ་ནག་གཞུང་གིས་ཁས་ལེན་བྱས་པའི་དམ་བཅའ་རྣམས་དང་འགལ་འཛོལ་ཕྱིན་པ་ཞིག་ཡིན།
རྒྱུན་སྲོལ་ལྟར་འདི་ག་རླུང་འཕྲིན་ཁང་ནས་རྒྱལ་སྤྱིའི་ཨོ་ལིམ་པིཀ་རྩེད་འགྲན་ཚོགས་ཆུང་བརྒྱུད་གསར་འགོད་པ་གཉིས་རྒྱ་ནག་ཏུ་ཨོ་ལིམ་པིཀ་རྩེད་འགྲན་དང་འབྲེལ་བའི་གནས་ཚུལ་མཁོ་སྒྲུབ་བྱེད་ཆེད་བསྐྱོད་རྒྱུའི་བཀའ་འཁྲོལ་ཞུས་པ་ལྟར་ཚོགས་ཆེང་དེ་ནས་བསྐྱོད་འཐུས་ཀྱི་ཆོག་མཆན་ཐོབ་སོན་བྱུང༌ཡོད་པ་དེ་ལྟར་ཡང་རྒྱ་ནག་གཞུང་གིས་འདི་གའི་གསར་འགོད་པ་གཅིག་ལ་རྒྱ་ནག་ནང་འཛུལ་ཞུགས་ཆོག་པའི་ཐོངས་མཆན་སྤྲད་པ་ལས་བོད་སྐད་སྡེ་ཚན་གྱི་གསར་འགོད་པ་དོན་གྲུབ་རྣམ་རྒྱལ་ལགས་སུ་དུས་ད་ལྟའང་ཐོངས་མཆན་མི་སྤྲོད་པ་དེ་ནི་དེ་སྔ་ཨོ་ལིམ་པིཀ་རྩེད་འགྲན་གྱི་མགྲོན་བདག་རྒྱལ་ཁབ་བྱེད་པའི་འགྲན་རྩོད་ནང་ཞུགས་སྐབས་རྒྱ་ནག་གཞུང་གིས་ཁས་ལེན་བྱས་པའི་དམ་བཅའ་རྣམས་དང་འགལ་འཛོལ་ཕྱིན་པ་ཞིག་ཡིན་དུས་རྒྱལ་སྤྱིའི་ཨོ་ལིམ་པིཀ་ཚོགས་ཆུང་ནས་གནད་དོན་འདིའི་ཐད་རྒྱ་ནག་གཞུང་ལ་དྲན་སྐུལ་དང་གནོན་ཤུགས་ངེས་པར་སྤྲོད་དགོས་པ་མ་ཟད་
རྒྱ་ནག་གཞུང་གི་ཕྱོགས་ནས་ཀྱང་དེ་སྔ་ཡུལ་དེ་ནས་ཁས་ལེན་བྱས་པའི་དམ་བཅའ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་དོན་ཚན་བཅུ་དགུ་པའི་ནང་གསལ་བའི་འབྲུ་དོན་རྣམས་ལ་བརྩི་བཀུར་དང་ལེན་ཞུས་ཏེ་
གསར་འགོད་དང་སྨྲ་བརྗོད་ཀྱི་རང་དབང་ཐོག་འགོག་རྐྱེན་མི་ཡོང་བའི་ཆེད་གསར་འགོད་པ་དོན་གྲུབ་རྣམ་རྒྱལ་ལགས་སུ་འཕྲལ་མར་ཐོངས་མཆན་མཁོ་སྤྲོད་བྱེད་དགོས་པའི་འབོད་སྐུལ་གནང་འདུག དོན་གྲུབ་རྣམ་རྒྱལ་ལགས་ནི་ཨ་མེ་རི་ཀའི་མི་སེར་ཞིག་ཡིན་པའི་ཐོག་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནང་ཡུན་རིང་ནང་ཕྱག་ལས་གནང་བཞིན་པ་རེད༎